ཏང་ཀྲུང་དབྱང་གིས་བསྩལ་བའི་ཕྱག་རྟགས།
རྟེན་འབྲེལ་སྒོ་བན་དང་ཕྱག་རྟགས་ནང་འདུས་པའི“འགྱུར་བ”དང“འགྱུར་མེད”
འདི་ནི་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་ཆད་གྲོང་ཚོའི་ཡུལ་མི་ལྷག་པས་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི་ཇ་མདོང་ནང་ཇ་བསྲུབས་མ་བཟོ་བཞིན་པ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད།
ཟླ་8ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ལྷ་སར་ཕེབས་འབྱོར་ཟིན་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེ་ནི། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞིང་། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་པ་གང་ལེགས་མཚོན་གྱི་ཡོད།
འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་བ་སོགས“ལོ་བཅུ་གྲངས་འཁོར་བའི”དྲན་གསོའི་ཉིན་མོ་གལ་ཆེན་སྐབས། ཀྲུང་དབྱང་གིས་ཚད་གཞི་མཐོ་བའི་སྐུ་ཚབ་ཚོགས་པ་བོད་དུ་རྟེན་འབྲེལ་མཛད་སྒོར་ཞུགས་པར་མངགས་ཀྱི་ཡོད། ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཏང་ཀྲུང་དབྱང་གི་དྲོ་སྐྱིད་དང་ཐུགས་ཁུར་བསྣམས་ཏེ། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ཏུ་ཕེབས་ནས་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་རྟེན་འབྲེལ་སྒོ་བན་དང་ཕྱག་རྟགས་བསྩལ་གྱི་ཡོད།
རྟེན་འབྲེལ་སྒོ་བན་དང་ཕྱག་རྟགས་ནི་ཞིབ་ཅིང་ཕྲ་བའི་ལྟ་ཞིབ་བྱེད་ཕྱོགས་ཤིག་ཡིན་ཏེ། དེ་ལས་ལོ་རྒྱུས་ཀྱི་འགྱུར་བ་ཉམས་ཞིབ་ཐུབ་ལ། བརྩེ་བ་དང་ནང་དོན་ཟབ་མོའང་ཚོར་ཐུབ།
ཟླ་8ཚེས་21ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་གིས་བོད་རང་སྐྱོང་ལྗོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་བསྩལ་བ་རེད།
དུས་རབས་གསར་པ་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་རྟེན་འབྲེལ་སྒོ་བན་ཐེངས་གསུམ་ཕྱག་བྲིས་གནང་ཡོད། 2015ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་སྐབས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ་དང་། 2021ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས། ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ། ད་ལོ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་སུ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་ཡོད།
“རྟེན་འབྲེལ་སྒོ་བན་གསུམ་གྱི་ཕྱག་བྲིས་ཕྱག་བསྟར་མའི་ནང་འདུས་པའི་སྲོག་ཤིང་གི་དོན་སྙིང་དང་འཐབ་ཇུས་ཀྱི་བསམ་གཞིག་རྒྱུན་སྲིང་ལག་བསྟར་བྱེད་དགོས”རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཧྥང་ཡུས་གོ་ཡིས་དེ“ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་བཞི”ལ་བསྡུས་ན་ཆོག་པ་སྟེ། གཅིག་ནི་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བར་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་སྐོང་འཚོག་གནང་བ། རྟེན་འབྲེལ་སྒོ་བན་ཐེངས་གསུམ་ཕྱག་བྲིས་དང་བསྩལ་བ་བཅས་ལས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་རེ་ཟབ་མོ་གནང་བ་གང་ལེགས་མཚོན་གྱི་ཡོད། གཉིས་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གཏིང་ཟབ་གནང་བར་འགྱུར་བ་མེད་ཅིང་། རྟེན་འབྲེལ་སྒོ་བན་གྱི་ཕྱག་བྲིས་ཕྱག་བསྟར་མའི་ནང་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཕྲེང་སེམས་དང་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་སྨོན་འདུན་བཟང་པོ་གནང་བ་མཚོན་གྱི་ཡོད། གསུམ་ནི་བོད་ཀྱི་འཐབ་ཇུས་ཀྱི་ངེས་གནས་དང་བཀོད་སྒྲིག་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ཅིང་། ཕྱག་བྲིས་ཕྱག་བསྟར་མ་གནང་བའི་རྟེན་འབྲེལ་སྒོ་བན་གསུམ་པོ་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་དོན་དུ་གཏན་འབེབས་ཁ་གསལ་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དེར་འགྱུར་བ་གཏན་ནས་ཕྱིན་མེད། བཞི་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པར་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ཅིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན།
ནང་དོན་ཟབ་མོ་ལྡན་པའི་རྟེན་འབྲེལ་སྒོ་བན་ཕུད། ཀྲུང་དབྱང་སྐུ་ཚབ་ཚོགས་པས་ད་དུང་སྣ་མང་ཕུན་སུམ་ཚོགས་པའི་དྲན་རྟེན་དངོས་པོ་བསྣམས་ཡོད། ཉེ་ཆར་ཐུགས་ཁུར་ཟབ་མོ་ཁེངས་པའི་དྲན་རྟེན་དངོས་པོ་དེ་དག་གཅིག་རྗེས་གཉིས་མཐུད་ངང་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ལ་སྤྲོད་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དྲན་རྟེན་དངོས་པོར་རིགས་མི་འདྲ་བ་འབྱེད་པ་དང་། སྤྱོད་གོ་ཆེ་བར་ལྟ་བ། སྤུས་ཚད་འགན་ལེན་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་བཀོད་སྒྲིག་བྱས་པར། ཁྱོན་རིགས་ཆེན་པོ་7ཡོད་པའི་ནང་རྟེན་འབྲེལ་སྒོ་བན་དང་། རྟེན་འབྲེལ་གོས་དར། གཙོ་འཛིན་གྱི་སྐུ་པར། ཇ་སྲུབ་འཕྲུལ་ཆས། བཟོ་རྩལ་གྱི་སྒྲིག་ཆས། བརྙན་སྟོན་འཕྲུལ་ཆས། དཔེ་དེབ་བཅས་ཚུད་ཡོད་པ་རེད།
དྲན་རྟེན་དངོས་པོ་དེ་དག་གི་ནང་དུ་རྟེན་འབྲེལ་སྒོ་བན་དང་རྟེན་འབྲེལ་གོས་དར་ལྟ་བུའི་བླ་ན་མེད་པའི་གུས་ལུགས་མཚོན་པའི“ཕྱག་རྟགས་ཆེན་པོ”ཡོད་ལ། ཇ་སྲུབ་འཕྲུལ་ཆས་དང་བརྙན་སྟོན་འཕྲུལ་ཆས་སོགས་རྒྱུན་གཏན་གྱི་འཚོ་བའི་ནང་སྤྱོད་གོ་ཆེ་བའི་དངོས་པོ་ཡང་ཡོད་པ་དག་ལས་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ཀྱི་མང་ཚོགས་ཀྱི་དངོས་ཡོད་དགོས་མཁོར་མཁྱེན་རྟོགས་ཞིབ་ཕྲ་གནང་ལུགས་མཚོན་ཐུབ།
ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བརྩེ་བ་ཟབ་མོ་གངས་ལྗོངས་ས་མཐོར་ཁྱབ་སྟེ་དྲིན་ཚོར་གྱི་བསམ་པ་འཆང་བཞིན་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡར་བརྩོན་གྱི་སྙིང་སྟོབས་དེ་བས་ཆེ་རུ་འགྲོ་བཞིན་ཡོད། བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།