“འཛམ་གླིང་དམག་ཆེན་གཉིས་པའི་ཡང་དག་པའི་ལོ་རྒྱུས་ལྟ་བ་དར་སྤེལ་བཏང་ནས་འཛམ་གླིང་གི་ཞི་བདེ་མཉམ་དུ་སྲུང་དགོས”
—— ཨུ་རུ་སུའི་ཚན་རིག་ཁང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཉི་ཅི་ཐཱ·སི་ཅེ་ཕན་ནུའོ་ཧྥུའུ་ལ་བཅར་འདྲི་བྱས་པ།
ཉེ་ཆར། ཨུ་རུ་སུའི་ཚན་རིག་ཁང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཉི་ཅི་ཐཱ·སི་ཅེ་ཕན་ནུའོ་ཧྥུའུ་ཡིས་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས། “ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བ་ནི་འཁོན་འཛིན་གྱི་རྒྱུན་མཐུད་ཆེད་མིན་པར། ལོ་རྒྱུས་སེམས་ལ་བརྟན་པོར་ངེས་པ་དང་། རྗེས་རབས་པར་ཉེན་བརྡ་གཏོང་བ། ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཆེད་དུ་རེད”ཅེས་དང་། ཁོང་གིས། “དེང་སྐབས་འཛམ་གླིང་ཐོག་ལོ་རྒྱུས་དོན་སྟོང་རིང་ལུགས་ཀྱི་ལྡོག་རྒྱུན་སོགས་ཉེན་ཁ་ཧ་ཅང་ཆེ་བས། དེས་རྒྱལ་ཁབ་ཁག་དབར་གྱི་ཡིད་ཆེས་ཀྱི་རྨང་གཞིར་གཏོར་བཤིག་དང་གདོང་ཐུག་གི་ཉེན་ཁ་ཆེ་རུ་གཏོང་ངེས་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་དང་། འཛམ་གླིང་དམག་ཆེན་གཉིས་པའི་ཡང་དག་པའི་ལོ་རྒྱུས་ལྟ་བ་དར་སྤེལ་གཏོང་བ། འཛམ་གླིང་གི་ཞི་བདེ་མཉམ་དུ་སྲུང་བ་བཅས་བྱས་ནས། རྒྱལ་ཁབ་ཁག་གི་དམངས་ཚོགས་དབར་བསམ་ཤེས་བྱེད་པར་སྐུལ་འདེད་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས”ཞེས་བརྗོད།
སི་ཅེ་ཕན་ནུའོ་ཧྥུའུ་ཡིས། “ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ནི་དམག་དོན་ཐད་རྒྱལ་ཁ་ཐོབ་པ་ཁོ་ན་མིན་པར། དེ་བས་ཀྲུང་ཧྭ་མི་རིགས་ཀྱི་དཔའ་ངར་ཞུམ་མེད་ཀྱི་མི་རིགས་ཀྱི་སྙིང་སྟོབས་གང་ལེགས་མངོན་ཚུལ་ཞིག་རེད”ཅེས་བརྗོད་པ་དང་། ཁོང་གི་ངོས་འཛིན་ལྟར་ན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེས་ཀྲུང་གོར་དོན་སྙིང་ཟབ་མོ་ལྡན་པ་མ་ཟད། འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་རིམ་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ནས། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུཌ་སྐྱོང་དང་ཞི་བདེའི་འདུ་ཤེས་དར་སྤེལ་གཏོང་བར་རྨང་གཞི་བཏིང་ཡོད།
སི་ཅེ་ཕན་ནུའོ་ཧྥུའུ་ནི་ཨུ་རུ་སུའི་འཐབ་འཛིང་པ་རྒན་གྲས་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་སྤྱི་པའི་ལས་དོན་ཨུ་ལྷན་ཨུ་ཀྲུང་ཚོགས་ཆུང་གི་འགན་འཁུར་བ་ཞིག་རེད། འཛམ་གླིང་དམག་ཆེན་གཉིས་པའི་རིང་། ཁོང་གི་ཡང་མེས་ཕུའུ་ལུའོ་ཉིང་གིས་དེ་སྔ་སུའུ་ལེན་དམར་དམག་ནང་ཀྲུང་གོར་མངགས་པའི་དམག་དོན་རིགས་གཅིག་མཁས་ཅན་གསོ་སྐྱོང་བྱེད་འགན་འཁུར་མྱོང་ཡོད། 1937ལོའི་ཟླ་11པར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ། སུའུ་ལེན་གྱིས་ཀྲུང་གོར་རོགས་སྐྱོར་བྱེད་པར་མངགས་པའི་མཁའ་འགྲུལ་རུ་ཁག་གིས་དམག་འཁྲུག་ནང་ཞུགས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱས། ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་འགྲུལ་རུ་ཁག་གིས་ནན་ཅིང་དང་། ཝུའུ་ཧན། ཁྲུང་ཆིང་སོགས་སུ་རི་པིན་བཙན་འཛུལ་བར་འགོག་རྡུང་གཏོང་རིང་། འཕུར་སྐྱོད་པ་མང་པོའི་རྩ་ཆེའི་ཚེ་སྲོག་ཤོར་བ་རེད། སི་ཅེ་ཕན་ནུའོ་ཧྥུའུ་ཆུང་དུས་སྤོ་ལགས་ཀྱིས་བཤད་པའི་སུའུ་ལེན་གྱིས་ཀྲུང་གོར་མཁའ་འགྲུལ་རུ་ཁག་རོགས་སྐྱོར་བྱེད་པར་མངགས་པའི་གཏམ་རྒྱུད་ཉན་རིམ་བཞིན་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད་པ་རེད།
སི་ཅེ་ཕན་ནུའོ་ཧྥུའུ་ཡིས། ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མི་རབས་གོང་མའི་དཔའ་བོའི་བྱས་རྗེས་དང་དཀའ་ཚེགས་ཆེ་བའི་ལོ་ཟླའི་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་བློ་ལ་བརྟན་པོར་ངེས་དགོས་པ་དང་། ཕྱོགས་གཉིས་པོས་རིག་གནས་དང་སློབ་གསོའི་མཉམ་ལས་ཧུར་ཐག་བྱས་ཏེ། འཐབ་འཛིང་པ་རྒན་གྲས་དང་། གཞོན་ནུའི་ཚོགས་སྤྱི་དང་སྤྱི་ཚོགས་རྩ་འཛུགས་བཅས་དབར་གྱི་སྤེལ་རེས་ལ་སྐུལ་འདེད་བཏང་ནས། ལོ་རྒྱུས་ཀྱི་གཏམ་རྒྱུད་དེ་དག་མི་དེ་བས་མང་བར་ཤོད་དགོས། “ཨུ་ཀྲུང་གི་མཛའ་གྲོགས་ནི་མེས་པོ་ཚོས་ཐུན་མོང་འབད་བརྩོན་དང་ཚེ་སྲོག་བློས་གཏོང་བྱས་པ་ལས་བྱུང་བ་ཞིག་ཡིན་པ་གཞོན་རབས་པ་ཚོར་ཤེས་སུ་བཅུག་ནས། ཁྲག་དྲོན་ལས་གྲུབ་པའི་མཛའ་གྲོགས་དེ་རྒྱུན་འཛིན་བྱེད་དགོས”པའི་ངོས་འཛིན་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།