དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་སྒོ་དབྱེ་གསར་གཏོད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ།

    —— ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ལ་ཚོགས་ཞུགས་སྐུ་མགྲོན་གྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-13

     འདི་ནི་2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་ཚོགས་ར་གཙོ་བོའི་ཕྱིའི་རྣམ་པ་ཡིན་པ།

    ཟླ་9ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་སྟེ། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་སྒོ་དབྱེ་གསར་གཏོད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་སྣོན་འདོད་ཡོད་ཅེས་གསུངས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཆོད་སེམས་མངོན་ཡོད། ཀྲུང་གོས་ཞབས་ཞུའི་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། འཛམ་གླིང་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་དྲང་ནུས་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་བཞིན་ཡོད་ཅེས་བརྗོད།

    “ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཆོད་སེམས་བརྟན་པོ་གང་ལེགས་མངོན་པ”

    ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། མིག་སྔར། འཛམ་གླིང་གི་དཔལ་འབྱོར་གནས་སྟངས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགྲན་སློང་དང་གོ་སྐབས་མཉམ་དུ་གནས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་སྦྲེལ་མཐུད་ཧུར་ཐག་བྱེད་པ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་རྒྱལ་ཁབ་ཀྱི་ཞབས་ཞུའི་ཚོང་དོན་གསར་གཏོད་འཕེལ་རྒྱས་དཔེ་སྟོན་ཁུལ་སོགས་ཀྱི་ལས་སྟེགས་སུ་སྔོན་ལ་སྐྱོད་པ་དང་སྔོན་ལ་ཚོད་ལྟ་བྱེད་མགྱོགས་སུ་གཏོང་བ། ཞབས་ཞུའི་ཁྲོམ་ར་སྒོ་མོ་འབྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞབས་ཞུའི་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན།

    “ཞབས་ཞུའི་ཚོང་དོན་ཚོང་འདུས་ནི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་ཁྱབ་ཁོངས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་པ་དང་། དེ་ལས་མངོན་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཁས་ལེན་ཐོབ་ཡོད” མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་གཞོན་པ་ཏུའོ་ལུའོ་ཞི·ཐེང་པོ་ཡིས། ལས་སྟེགས་དེས་གོ་ལ་ཧྲིལ་པོའི་གསར་གཏོད་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་མ་ཟད། ལས་རིགས་ཁག་གིས་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་ཆོད་སེམས་དེ་བས་མངོན་ཡོད། ཀྲུང་གོས་ཞབས་ཞུའི་ཁྲོམ་ར་སྒོ་འབྱེད་དང་། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར། རྒྱལ་སྒྲོལ་གྲངས་གཞིའི་འཁོར་རྒྱུག་ལེགས་སུ་གཏོང་བ་སོགས་སྒྱུར་བཅོས་བྱེད་ཐབས་བརྒྱུད། ཁེ་ལས་ལ་ཕན་ནུས་ཆེ་ཞིང་ཁ་གསལ་བའི་ཁྲོམ་རའི་ཁོར་ཡུག་བསྐྲུན་པ་དེ་ཐོག་ནས། ཀྲུང་གོའི་ཁེ་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

    “ཀྲུང་གོས་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ནས། ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད” མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་འཕེལ་རྒྱས་གྲོས་ཚོགས་རྒྱལ་སྤྱིའི་ཚོང་དོན་དང་ཚོང་ཟོག་སིའི་སི་ཀྲང་ཏེ་ལཱ་མོ་ལཱ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་། ཀྲུང་གོས“རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་སྦྲེལ་མཐུད་ཧུར་ཐག་བྱེད་ཀྱི་ཡིན”ཞེས་གསུངས་པར་ང་རང་ཡོངས་སུ་མོས་མཐུན་ཡོད། “ཞབས་ཞུའི་ཚོང་དོན་ནི་ཕྱོགས་གཉིས་ཕན་ཚུན་ཡིན་པས། ཀྲུང་གོས་ཁྱབ་ཁོངས་དེའི་འཕར་སྣོན་ལ་རྒྱབ་སྐྱོར་བྱེད་པར་ནུས་པ་གལ་ཆེན་འདོན་ཐུབ”ཅེས་བརྗོད།

    “ཞབས་ཞུའི་ཚོང་དོན་གསར་གཏོད་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་ཁག་དབར་མཉམ་ལས་རྒྱ་ཆེར་གཏོང་བར་ཆ་རྐྱེན་བཟང་པོ་བཏོད་པ”

    སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱིས“གྲངས་རིག་གིས་ཁྲིད་སྟོན་བྱེད། ཞབས་ཞུའི་ཚོང་དོན་གྱི་རྣམ་པ་གསར་པ་མངོན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་དང་། འགྲེམས་སྟོན། གླེང་སྟེགས་ཚོགས་འདུ། ངོ་འཕྲད་གྲོས་མོལ་གྱི་འོས་སྦྱོར། གྲུབ་འབྲས་ཁྱབ་བསྒྲགས། ལྷན་སྦྱར་བྱེད་སྒོ་བཅས་བྱེད་སྒོ་རིགས་དྲུག་སྤེལ་བ་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་85ཡིས་འགྲེམས་སྟོན་དང་ཚོགས་འདུ་གཉེར་བ་དང་། ཁེ་ལས་2000ཙམ་ཡུལ་དངོས་སུ་འགྲེམས་ཚོགས་ལ་ཞུགས་པའི་ནང་། འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500དང་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་500ཙམ་ཚུད་ཡོད། གཞན་ཡང་། ཁེ་ལས་113གྱིས་ཐོན་རྫས་གསར་པ་དང་གྲུབ་འབྲས་གསར་པ་ཁག་198ཁྱབ་བསྒྲགས་བྱེད་རྒྱུ་རེད།

    ཨན་ཡུང་ཀྲུང་ཧྭ་ཆེན་པོའི་ཁུལ་གྱི་དབུ་བཞུགས་ལག་བསྟར་དཔོན་ཁྲེན་ཁའེ་ཡིས། “ཞབས་ཞུའི་ཚོང་དོན་ཚོང་འདུས་ནི་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། གོ་ལ་ཧྲིལ་པོས་ལས་སྟེགས་དེ་བརྒྱུད། ཀྲུང་གོས་ཞབས་ཞུའི་ལས་རིགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་དང་བེད་སྤྱོད་མཐའ་འཁྱོངས་བྱེད་པའི་གདེང་ཚོད་དང་ཆོད་སེམས་གསལ་པོ་ཚོར་ཡོད”ཅེས་བརྗོད། ཁོང་གིས་ངོས་འཛིན་བྱས་དོན། སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་སུ་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཀྱི་གླེང་མང་བའི་འཕེལ་ཕྱོགས་སྐོར་གླེང་བ་མ་ཟད། ཞབས་ཞུའི་ཚོང་དོན་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་བཏང་ནས། གོ་ལ་ཧྲིལ་པོའི་ཁེ་ལས་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་རོགས་བྱེད་དགོས་པའི་ནན་བཤད་ཀྱང་བྱས་པ་རེད།

    “རྒྱལ་སྤྱིའི་རོགས་ཟླར་དོན་དམ་པའི་མཉམ་བསྐྲུན་གཉིས་ཕན་ཡོང་བར་བྱེད་དགོས”

    ཧྲི་ནའེ་ཏེ་གློག་ཤུགས་ཀྱི་མཐོ་རིམ་ཙུང་ཚའེ་གཞོན་པ་དང་འབྲིང་གནོན་དང་དེའི་ཞབས་ཞུའི་ལས་སྒོའི་ཀྲུང་གོ་ཁུལ་གྱི་འགན་འཁུར་བ་ཞུས་ཧྲའོ་ཧྥུང་གིས། “ཀྲུང་གོ་སྲིད་གཞུང་གི་དངོས་སྒྲུབ་ཀྱི་བྱེད་ཐབས་རབ་དང་རིམ་པས་ཧྲི་ནའེ་ཏེ་གློག་ཤུགས་ཚུད་པའི་རྒྱལ་སྒྲོལ་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་བཏོད་ཡོད”ཅེས་དང་། ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་ཚོང་ཤག་ཡིན་པའི་ངོས་ནས། ཀུང་སིས་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། ཞབས་ཞུའི་ནུས་པ་དེ་གནས་ཡུལ་ཡོངས་དང་ལས་རིགས་ཡོངས་ཀྱི་དགོས་མཁོ་དང་མཉམ་འདྲེས་གཏིང་ཟབ་ཀྱིས་གསར་གཏོད་ཡར་སྐུལ་དང་སྐྱེ་ཁམས་མཐུན་སྦྱོར་འདེགས་སྐྱོར་དུ་བྱས་ནས། ཞབས་ཞུའི་མ་ལག་སྤུས་མཐོ་རིམ་སྤོར་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།

    “ཀྲུང་གོར་མ་འཇོག་བྱེད་པ་ནི་མ་འོངས་པར་མ་འཇོག་བྱས་པ་ཞིག་ཡིན་པས། འཕེལ་ཕྱོགས་དེ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གིས་གསོ་སྦྱོང་ཞབས་ཞུ་རྒྱ་ཆེར་གཏོང་བ་དང་། གོ་ལ་ཧྲིལ་པོའི་གྲངས་གཞི་རྒྱལ་སྒྲོལ་འཁོར་རྒྱུག་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་པར་ང་ཚོས་བསྔགས་བརྗོད་བྱེད་ཀྱི་ཡོད” མོ་ཀེན་རྒྱུ་ནོར་དོ་དམ་གོ་ལ་ཧྲིལ་པོའི་ཀྲུའུ་ཞི་པའེ་པོ་ཝུན་གྱིས། ཀྲུང་གོའི་ཁྲོམ་རས་གོ་སྐབས་གསར་པ་སྐྱེད་སྲིང་བྱེད་བཞིན་ཡོད་པ་དང་། སྤུས་ཚད་མཐོ་བའི་སྒོ་དབྱེ་སྲིད་ཇུས་དང་དེ་བཞིན་གནད་སྨིན་སྲིད་ཇུས་སྡེབ་སྒྲིག་གིས་ཀྲུང་གོའི་དཔལ་འབྱོར་བརྟན་པོ་དང་སྔོན་དཔག་ཐུབ་པར་སྐུལ་འདེད་གཏོང་བ་མ་ཟད། གསར་གཏོད་དང་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་གི་ཡོད་ཅེས་བརྗོད།

    (འདི་ག་ཚགས་པར་ཁང་དུ་འབྱོར་བའི་ཕྱོགས་བསྡུས་གནས་ཚུལ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།