རང་རྒྱལ་གྱིས་དཔྱད་ཞིབ་ཚད་ལེན་རྒྱུན་འཁྱོངས་བྱས་པས་རང་བྱུང་ཐོན་ཁུངས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ།
སྣུམ་ཞིང་དང་རླངས་ཞིང་ཆེ་འབྲིང་དང་གཏེར་ཁུལ་534གསར་དུ་རྙེད་པ།
རྒྱལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར་19.4ཟིན་ནས་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བརྟན་སྲུང་ཐུབ་པ་དང་། ནགས་ཚལ་ཁྱབ་ཚད་25.09%ཟིན་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་འཕེལ་མང་ཤོས་དང་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པ། རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་10.5ཟིན་ནས་2020ལོ་ལས་སྒོར་དུང་ཕྱུར་ཁྲི་2.7འཕར་བ། སྣུམ་ཞིང་དང་རླངས་ཞིང་ཆེ་འབྲིང་དང་གཏེར་ཁུལ་534གསར་དུ་རྙེད་པ་ལ་སོགས། ཟླ་9ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་སྤུས་ཚད་མཐོ་པོས་ལེགས་པར་བསྒྲུབས་པའི”རིམ་སྤེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་དང་རྒྱལ་ཁབ་རང་བྱུང་ཐོན་ཁུངས་སྤྱི་ཁྱབ་ལྟ་ཞིབ་ཀོན་ཀྲི་ཨོའུ་སོགས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་རང་བྱུང་ཐོན་ཁུངས་ལས་དོན་ངོ་སྤྲོད་བྱས་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྣུམ་ཞིང་ཆེ་གྲས་10དང་རླངས་ཞིང་ཆེ་གྲས་19གསར་དུ་རྙེད་པ།
རྨོ་ཞིང་སྲུང་སྐྱོང་གི་ཕན་འབྲས་གཟེངས་སུ་ཐོན་ཞིང་། 2024ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་2020ལོ་ལས་མུའུ་ཁྲི་2800མང་དུ་ཕྱིན་ནས་རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་བཅས“ཕྱོགས་གསུམ་གཞི་གཅིག”གི་སྲུང་སྐྱོང་རྣམ་པ་རིམ་བཞིན་ཆགས་ཡོད།
ཐོན་ཁུངས་གསོག་འབོར་ཁ་གསལ་བའི་གཏེར་ཁ་རིགས་163གྱི་གྲངས་འབོར་དང་། ཁྱབ་ཚུལ། གསར་སྤེལ་བེད་སྤྱོད་བཅས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་པ་དང་སྣུམ་རླངས་དང་། ཟངས། ལིས་སོགས་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བྱས་པར་ཚད་བརྒལ་ཆེན་པོ་བྱུང་ཡོད། རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་དང་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་ཅུས་ཀྲང་ཞུས་ཏ་ཁྲུན་གྱིས་ངོ་སྤྲོད་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་སྣུམ་ཞིང་ཆེ་གྲས་10དང་རླངས་ཞིང་ཆེ་གྲས་19གསར་དུ་རྙེད་པ་དང་། གཏིང་ཚད་རིང་བའི་རྡོ་སོལ་ཆགས་རིམ་གྱི་སོལ་རླངས་རྩད་ཞིབ་བྱས་པར་ཚད་བརྒལ་ཆེན་པོ་བྱུང་ནས། རང་རྒྱལ་ནས་རྡོ་སྣུམ་ཏུན་དུང་ཕྱུར་2བརྟན་པོའི་ངང་བཏོན་པ་དང་རང་བྱུང་སོལ་རླངས་ཐོན་ཚད་སྨི་ངོས་གྲུ་དུང་ཕྱུར་2400ལས་བརྒལ་བར་འདེགས་སྐྱོར་ནུས་ལྡན་བྱུང་ཡོད། ཀན་སུའུ་ཡི་ཅིན་ཁྲོན་དང་ཧེ་ལུང་ཅང་གི་ཅ་དབྱིན་ནས་ཡིའུ་གཏེར་ཆེས་ཆེ་གྲས་གཉིས་རྩད་ཞིབ་བྱུང་སྟེ། རང་རྒྱལ་གྱི་ཡིའུ་གཏེར་ཐོན་ཁུངས་བདེ་འཇགས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
ཐོན་ཁུངས་རྟེན་གཞི་རྙིང་པ་ནས་གསོན་ཤུགས་གསར་པ་རྒྱས་ཤིང་། ཧྲན་ཤིས་ཞའོ་དབྱི་ཡི་ས་འདྲེས་ཧ་ཡང་གཏེར་ཁ་དང་ཧྲན་ཏུང་ཅའོ་ཏུང་གི་གསེར་གཏེར་སོགས་གསར་འཕར་གསོག་འབོར་མང་བ་དང་། ཐོན་ཁུངས་རྟེན་གཞི་གསར་པ་གཅིག་རྗེས་གཉིས་མཐུད་ངང་དར་རྒྱས་བྱུང་ཞིང་། ལེའོ་ཉིང་ཏ་ཏུང་ཀའུ་ཡི་གསེར་གཏེར་དེ་ཉིད་འཛམ་གླིང་རིམ་པའི་གསེར་གཏེར་གཞན་ཞིག་ཏུ་འགྱུར་རེ་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གཏེར་ཁར་གཏེར་འཚོལ་གྱི་ཚད་བརྒལ་ཆེན་པོ་བྱུང་ཞིང་། སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས། ཤིན་ཅང་བཅས་ཞིང་ཆེན་བཞི་ནས་རིང་ཚད་སྤྱི་ལེ་2800ཡོད་པའི“ཨེ་ཤེ་ཡའི་ལིས་ཁུལ”ཞིག་གསར་དུ་རྙེད་ནས་ལིས་གཏེར་ཆེ་གྲས་དང་ཆེས་ཆེ་གྲས་མང་པོ་རྙེད་ཡོད།
རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་ཅུས་ཀྲང་སུན་ཧྲུའུ་ཞན་གྱིས་ངོ་སྤྲོད་བྱས་པར། རང་རྒྱལ་འདི་ཉིད་རྒྱ་མཚོའི་ཐོན་ལས་ཀྱི་རིགས་སྣ་ཆ་ཚང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ནས་རྒྱ་མཚོའི་ཆུའི་ཐོན་རྫས་ཀྱི་སྤྱིའི་ཐོན་འབོར་ལོ་36བསྟུད་མར་འཛམ་གླིང་གི་ཨང་དང་པོར་བརྟན་པོའི་ངང་གནས་པ་དང་། རྒྱ་མཚོའི་སྣུམ་རླངས་དེ་ཉིད་གསོག་ཐོན་གཉིས་འཕར་གྱི་གཙོ་ཤུགས་སུ་གྱུར་ཏེ་2024ལོར་རྒྱ་མཚོའི་མ་བཅོས་རྡོ་སྣུམ་འཕར་ཚད་ཀྱིས་རྒྱལ་ནང་གི་མ་བཅོས་རྡོ་སྣུམ་འཕར་ཚད་ཀྱི་70%ཡན་ཟིན་པ།“ཕུགས་འདུན”རྟགས་ཅན་གྱི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་དང“མཚོ་གཏིང་ཨང་དང་པོའི”ཐོན་སྐྱེད་སྣུམ་གསོག་ལས་སྟེགས་སོགས“རྒྱལ་ཁབ་ཆེན་པོའི་མཚོན་ཆ་གལ་ཆེན”སྔ་རྗེས་སུ་བཟོས་ནས་བེད་སྤྱོད་ཐུབ་ཡོད།
རྒྱལ་ཡོངས་ཀྱི་ནགས་ས་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་རྒྱ་ཁྱོན་མུའུ་དུང་ཕྱུར་42.53དང་། མུའུ་དུང་ཕྱུར་39.12 མུའུ་དུང་ཕྱུར་8.34བཅས་སོ་སོར་ཟིན་ཡོད། ནགས་ཚལ་གསོག་ཚད་སྨི་ངོས་གྲུ་དུང་ཕྱུར་209.88ཟིན་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་ལེགས་སྐྱེས་འབུལ་ཚད་2030ལོའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད།
ས་ཁོངས་ཡོངས་ཀྱི་ས་ཆ་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་མུའུ་ཁྲི་1000ལྷག་ཙམ་བཅོས་སྒྲིག་བྱས་པ།
ཀོང་ཏུང་དང་ཀྲེ་ཅང་སོགས་ཀྱིས་ས་ཁོངས་ཡོངས་ཀྱི་ས་ཆ་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་མུའུ་ཁྲི་1000ལྷག་ཙམ་བཅོས་སྒྲིག་བྱས་ནས་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་ཁག་གཅིག་བསྐྲུན་ཡོད། རི་རྩེ་ནས་རྒྱ་མཚོ་བར་གྱི་སྲུང་སྐྱོང་བཅོས་སྐྱོང་གི་རྣམ་པ་ཆེན་པོ་ཞིག་ཆགས་པར་བྱས་པ་དང་། ལོ་མང་བེད་མེད་དུ་ལུས་པའི་གཏེར་རི་མུའུ་ཁྲི་240ལྷག་ཙམ་བཅོས་སྐྱོང་བྱས་པ། མཚོ་རྒྱུད་སྤྱི་ལེ་820བཅོས་སྐྱོང་ཉམས་གསོ་བྱས་པ། བྱུ་རུའི་བྲག་རྡོ་སོགས་དཔེ་མཚོན་རྒྱ་མཚོའི་སྐྱེ་ཁམས་མ་ལག་ལེགས་ཚད་60%ཡན་བར་མཐོ་རུ་བཏང་ཡོད། རང་རྒྱལ་གྱི་ཤིང་དམར་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་46.5ཟིན་ནས་འཛམ་གླིང་ཐོག་ཤིང་དམར་ནགས་ཚལ་གྱི་རྒྱ་ཁྱོན་དངོས་སུ་འཕར་བའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་སུ་གྱུར་ཡོད།
རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྒྲིག་སྲོལ་ཚོད་ལྟ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་ལམ་ལུགས་ཀྱི་སྒྲོམ་གཞི་གཞི་རྩའི་ཐོག་བཙུགས་ཡོད། ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་ལྔ་དངོས་སུ་བཙུགས་ནས་འཁོར་རྒྱུག་བྱས་པ་དང་། དེ་སྔའི་རང་བྱུང་སྲུང་སྐྱོང་ཁུལ་120ལྷག་ཙམ་བསྡུ་སྒྲིལ་བྱས་པ་བརྒྱུད་སྐྱེ་ཁམས་མ་ལག་ཚད་གཞི་ཆེན་པོ་དང་གཙོ་རྒྱུ་ཀུན་འདུས་ཐོག་ནས་མཐོ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།