རང་སྐྱོང་ལྗོངས་བཟའ་རིགས་སྨན་རྫས་བརྟག་བཤེར་ཞིབ་འཇུག་ཁང་གིས།
བགྲང་བྱ་ལྔ་བཅུ་འབད་འབུངས་བརྟན་སྲུང་གིས། དམངས་འཚོའི་ལམ་བུར་གཡས་གཞོགས་གཡོན་འདེགས་བྱེད།
འདི་ནི་1978ལོའི་བརྟག་བཤེར་ཁང་གི་ལས་དོན་པའི་མཉམ་པར་ཡིན་པ། (རང་སྐྱོང་ལྗོངས་བཟའ་རིགས་སྨན་རྫས་བརྟག་བཤེར་ཞིབ་འཇུག་ཁང་གིས་མཁོ་འདོན་བྱས་པའི་པར)
འདི་ནི་1989ལོར་བརྟག་བཤེར་མི་སྣས་ཞིབ་ཐོན་འཇལ་ཆས་ཆེ་གྲས་དང་པོ་བཀོལ་སྤྱོད་བྱེད་བཞིན་པ། (རང་སྐྱོང་ལྗོངས་བཟའ་རིགས་སྨན་རྫས་བརྟག་བཤེར་ཞིབ་འཇུག་ཁང་གིས་མཁོ་འདོན་བྱས་པའི་པར)
འདི་ནི་ལྗོངས་བཟའ་རིགས་སྨན་རྫས་བརྟག་བཤེར་ཁང་གི་ལས་དོན་པས་ཞིབ་དཔྱད་ཟིན་ཐོ་འགོད་བཞིན་པ།
1975ལོའི་ཟླ་3ཚེས་25ཉིན། རང་སྐྱོང་ལྗོངས་བཟའ་རིགས་སྨན་རྫས་བརྟག་བཤེར་ཞིབ་འཇུག་ཁང(དེ་སྔའི་ལྗོངས་བཟའ་རིགས་སྨན་རྫས་བརྟག་བཤེར་ཁང)འཛུགས་སྐབས། ཁང་པ་འོག་ཁང་ཐབས་ཆག་ཁ་ཤས་དང་འཕྲུལ་ཆས་གཅིག་གཉིས་ལས་མེད་ལ། ས་གནས་ཁག་ནས་བསྐོངས་པའི་ན་གཞོན་ལས་མི་ཁ་ཤས་ལས་མེད་པ་དང་། ལས་མིའི་འགོག་སྲུང་སྒྲིག་ཆས་ཀྱང་སྟབས་བདེའི་སྲིང་བལ་གྱི་ཁ་རས་མ་གཏོགས་གཞན་དག་འགོག་སྲུང་ལག་ཤུབས་སོགས་ཁྱབ་གདལ་བྱུང་མེད། དེ་དག་ཀྱང་སྐབས་དེ་དུས་ཀྱི་རྒྱུ་ནོར་ཡོད་ཚད་རེད།
“དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་སུ་གཏོང་ཆེད། སྐབས་དེ་དུས་བློ་མཐུན་ཚོས་གྲང་ངད་ཆེ་བའི་གནམ་གཤིས་ལ་མ་བལྟོས་པར་རྟ་བཞོན་ཏེ་ས་བབ་སྨི་5000ཟིན་པའི་མི་མེད་ལུང་སྟོང་དུ་བོད་སྨན་སྨན་རྩྭའི་མ་དཔེ་འཐུ་བར་བསྐྱོད་དེ་ཚོད་ལྟ་ཁང་དུ་ཞིབ་འཇུག་ལ་སྐྱེལ་གྱི་ཡོད”ཅེས་ཁང་དེའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཀྲང་གཞོན་པ་ཀྲང་གཡོད་ཨེ་ཡིས་ལོ་ཟླའི་འཕེལ་འགྱུར་གྱིས་ཚོས་མདོག་ལོག་པའི་འདྲ་པར་ཞིག་ལ་ལྟ་བཞིན་ཕྱིར་དྲན་བྱས་ཏེ་བཤད། འདྲ་པར་ཐོག་བརྟག་བཤེར་མི་སྣ་མི་རབས་དང་པོས་ལས་གོས་དཀར་པོ་གྱོན་ནས་གློག་འོད་གསལ་ལ་མི་གསལ་ཞིག་གི་འོག་ཏུ་ཕྲ་མཐོང་ཆེ་ཤེལ་ནས་སྨན་རྩྭར་ལྟ་ཞིབ་བྱེད་བཞིན་ཡོད།
དུས་རབས་གོང་མའི་ལོ་རབས་70པའི་གངས་ལྗོངས་ས་མཐོར། ད་ལྟ་ལྟར་དངོས་ཟོག་འབེལ་པོ་མེད་པ་དང་། བཟའ་རིགས་སྨན་རྫས་བརྟག་བཤེར་ཁྱབ་ཁོངས་ནི་སྟོང་ཆར་ལུས་ཤིང་། སྨན་རྫས་བརྟག་བཤེར་གྱི་ཚད་ལྡན་གྱི་ཚད་གཞིར་ཡང་སླེབས་མེད་པས། ཚོད་ལྟའི་སྨན་རྫས་གོང་རིམ་སྡེ་ཚན་ལ་མཐུན་སྦྱོར་ཞུ་དགོས་ཀྱི་ཡོད་པ་མ་ཟད། ཚན་ཞིབ་མི་སྣས་ས་མཐོའི་ཁོར་ཡུག་ཁྲོད་ཀྱི་སྨན་རྫས་ཀྱི་དམིགས་བསལ་ཆོས་ཉིད་དེ་བས་ཀྱང་གསལ་པོ་རྟོགས་ཀྱི་མེད། བརྟག་བཤེར་མི་སྣ་མི་རབས་དང་པོས་རང་གི་ལག་གཉིས་ལ་བརྟེན་པའི་བརྟན་སྲུང་བྱེད་སྟངས་ལ་བརྟེན་ནས་ས་མཐོར་བརྟག་ཞིབ་ཚན་ཞིབ་ཀྱི་ས་བོན་བཏབ་ཡོད།
སྒྲིག་ཆས་ལེགས་སུ་སོང་བ་དང་བསྟུན་ནས་ཞིབ་དཔྱད་བྱེད་པའི་མ་དཔེའི་གྲངས་འབོར་ཐོག་མའི་བརྒྱ་མ་ཟིན་པ་ནས་ད་ལྟའི་ལོ་རེའི་ཆ་སྙོམས་ཁག་ཐེངས་3000ལྷག་ཙམ་བར་མང་དུ་ཕྱིན་པ་དང་། ཁང་དེའི་ཁྱབ་ཁོངས་ཁག་གི་ཞིབ་དཔྱད་སྒྲིག་ཆས་བསྡོམས་916ཟིན་ནས་ཞིབ་དཔྱད་སྒྲིག་ཆས་ཧབ་ཐོབ་རྒྱག་པའི་རྣམ་པར་རྦད་དེ་འགྱུར་ལྡོག་བྱུང་ཡོད།
“ས་མཐོའི་བོད་སྨན་སྨན་རྩྭའི་ཐོན་ཁུངས་གསར་སྤེལ་དང་། ས་མཐོའི་ཁྱད་ལྡན་བཟའ་བཅའ་ཞིབ་སྤེལ། ས་མཐོའི་ཁྱད་ལྡན་མཛེས་རྫས་ཀྱི་མ་བཅོས་རྒྱུ་ཆ་གསར་སྤེལ་སོགས་ཀྱི་རྣམ་གྲངས་ལ་ཞིབ་འཇུག་བྱས་པ་དེས་ས་མཐོའི་ཁྱད་ཆོས་དག་ས་མཐོའི་དཔལ་འབྱོར་ལ་སྔར་བས་འགྱུར་བར་རམ་འདེགས་ཐུབ་ཡོད”ཅེས་ཀྲང་གཡོད་ཨེས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད་པ་དང་། ཁོང་གིས“རྒྱལ་ཁབ་ཀྱི་ཁ་གཏད་བོད་སྐྱོར་སྲིད་ཇུས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ་དང་རྒྱལ་ནང་གི་བཟའ་རིགས་སྨན་རྫས་ལྟ་སྐུལ་ལས་ཁུངས་རྩེ་གྲས་ལག་རྩལ་གྱི་རྒྱབ་སྐྱོར་བྱས་པས་ང་ཚོའི་ལས་ཀའི་ཧུར་སེམས་དེ་བས་ཆེ་རུ་ཕྱིན་སོང་། ང་ཚོས‘ཚན་རིག་དང་མཐུན་པ་དང་། དྲང་བདེན། དམ་ནན། ནུས་ཆེ’བཅས་ཀྱི་ལས་ཀའི་བྱེད་ཕྱོགས་གཞིར་བཟུང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།