རི་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་ཤིག་གི་བོད་ལ་བཅངས་པའི་བརྩེ་སེམས།
ཟླ་8ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། ཤིས་ཨན་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་ཤིས་ཨན་ལས་བྱེད་ལུས་གསོ་ཁང་དུ། རྒན་རྒོན་ཞིག་ཁྱིམ་དུ་བརྙན་འཕྲིན་བརྒྱུད་ཐད་གཏོང་བྱས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ལྟ་བཞིན་མཆིས།
ཁོང་ནི་ལིའུ་ཏེན་ཀུང་ཡིན་པ་སྟེ། རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་མི་ཚེ་གང་པོར་ལག་ལེན་བསྟར་མཁན་གྱི་གུང་ཁྲན་ཏང་མི་ཞིག་རེད།
1930ལོར། ལིའུ་ཏེན་ཀུང་ཧྲན་ཤིས་ཧྲུའོ་ཀྲོའུ་ཡི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས། གཞོན་ནུ་ལོ་ཆུང་གི་དུས་སུ། མེས་རྒྱལ་ལ་གོད་ཆགས་ཆེན་པོ་བྱུང་བ་དངོས་སུ་མཐོང་བས་ཁོང་རི་འགོག་རྒྱལ་སྐྱོབ་ནང་བློ་བརྟན་འགྱུར་མེད་ངང་ཞུགས་ཏེ། སྔ་རྗེས་སུ་བྱིས་པ་ཚོགས་པའི་ཚོགས་གཙོ་དང་དམག་སྡེ་བརྒྱད་པའི་ཅིན་སུའེ་མཐའ་ཁུལ་གསར་བརྗེའི་གནས་གཞིའི་ཁུལ་གྱི་ངེས་མེད་རྒོལ་རྡུང་རུ་ཁག་གི་འཕྲིན་སྐྱེལ་བ་བྱེད་མྱོང་ཡོད། ལོ་15ལ་སོན་སྐབས་ཁོང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།
1963ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་འཛུགས་སྐྲུན་གྱི་འགག་རྩའི་དུས་སྐབས་དང་འཁེལ་བས། ལོ་33ལ་སླེབས་པའི་ལིའུ་ཏེན་ཀུང་གིས་ཁོང་གི་མི་ཚེའི་ནང་གི་གདམ་ག་གལ་ཆེན་གཞན་ཞིག་བྱས་པ་སྟེ། ཧྲའན་ཤིས་ཞིང་ཆེན་ནོར་སྲིད་ཐིང་ནས་བོད་དུ་ལས་སྒྱུར་བྱས།
བོད་དུ་སླེབས་རྗེས་ཁོང་ལ་བསམ་ཡུལ་ལས་འདས་པའི་འགྲན་སློང་དྲག་པོ་འཕྲད་ཅིང་། གྲང་ངར་ཆེ་ལ་གསོ་རླུང་མི་འདང་བ་དང་དངོས་ཟོག་དཀོན་པས། ནོར་སྲིད་ཁོངས་གཏོགས་ཀྱི་ལས་རིགས་ཁག་འཕེལ་རྒྱས་གཏོང་གལ་ཆེ་བའི་དུས་སུ་གནས་ཡོད། རང་སྐྱོང་ལྗོངས་ནོར་སྲིད་དང་འབྲུ་རིགས་ཐིང་གི་ཐིང་ཀྲང་གཞོན་པ་ཡིན་པའི་ངོས་ནས། ཁོང་གིས་གྲང་ངར་ཆེ་བའི་གནམ་གཤིས་ལ་མ་འཛེམས་པར་རྟག་ཏུ་གྲོང་གསེབ་ཏུ་རྟོག་ཞིབ་བྱེད་པར་སྐྱོད་ཀྱི་ཡོད། བོད་ཀྱི་ནོར་སྲིད་འཐབ་ཕྱོགས་སུ་ལོ་14རིང་ལས་ཀ་བྱས་རྗེས། 1977ལོ་ནས་བཟུང་། ལིའུ་ཏེན་ཀུང་གིས་བཀོད་སྒྲིག་གཞིར་བཟུང་སྔ་རྗེས་སུ་བོད་ལྗོངས་གསར་པའི་བཟོ་ལས་དང་ཆུ་གློག་སོགས་ཀྱི་འཐབ་ཕྱོགས་སུ་ལས་དོན་བསྒྲུབས་ཡོད།
1979ལོའི་ཟླ་3པར། རང་སྐྱོང་ལྗོངས་ཀྱིས་ཆུ་བེད་གློག་ཤུགས་ཐིང་འཛུགས་རྒྱུ་ཐག་བཅད་པ་དང་། ལིའུ་ཏེན་ཀུང་གིས་ཐིང་ཀྲང་གི་འགན་ཁུར་ཡོད། སྐབས་དེ་དུས་ལྷ་ས་གྲོང་ཁུལ་དུ་རྔ་ཆེན་གློག་ཁང་གཅིག་པུར་བརྟེན་ནས་གློག་གཏོང་གི་ཡོད་པས། དགོང་ལྟར་གློག་ཆུ་ཚོད་ཁ་ཤས་ལས་སྤྱོད་རྒྱུ་མེད།
ལོ་དེ་དག་རིང་ཡར་འབྲོག་གཡུ་མཚོའི་གློག་ཁང་གི་རྣམ་གྲངས་བརྩོན་ལེན་བྱ་ཆེད། ལིའུ་ཏེན་ཀུང་གིས་པེ་ཅིང་དུ་ཐེངས་གསུམ་བསྐྱོད་པ་དང་། ཐ་ན་སྨན་ཁང་གི་ནད་ཁང་དུ་སྐབས་དེ་དུས་ཀྱི་རྒྱལ་ཁབ་གློག་ཤུགས་པུའི་པུའུ་ཀྲང་ལ་ལས་དོན་སྙན་སེང་ཞུ་མྱོང་ཡོད། 1989ལོ་བར་དགུང་ལོ་དྲུག་ཅུར་ཉེ་བའི་ལིའུ་ཏེན་ཀུང་གིས་སྔར་བཞིན་ཡར་འབྲོག་གཡུ་མཚོའི་གློག་ཁང་འཛུགས་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད། ས་བབ་སྨི་4400ཟིན་པའི་ལས་ཡུལ་དུ་ཁོང་གིས་ལག་རྩལ་པ་དང་མཉམ་ཟ་མཉམ་སྡོད་བྱས་ཏེ་འཁྱགས་སའི་ཨར་སྐྲུན་གྱི་དཀའ་གནད་ལ་ཞིབ་འཇུག་ཐག་གཅོད་བྱས་ཡོད།
1998ལོའི་ཟླ་9པར། ཡར་འབྲོག་གཡུ་མཚོའི་གློག་ཁང་ནས་དངོས་སུ་གློག་གཏོང་འགོ་ཚུགས་ཤིང་། སྐབས་དེ་དུས་ལྷ་སའི་ཁྲོམ་གཞུང་གི་ཁྱིམ་ཚང་ཁྲི་སྟོང་མང་པོ་ནས་གློག་འོད་ཆེམ་ཆེམ་དུ་འཕྲོ་སྐབས། དགུང་ལོ་68ལ་སླེབས་པའི་རྒན་རྒོན་ཁོང་དབང་མེད་དུ་དགའ་ངུ་ཤོར་བ་དང་། སྐབས་དེ་དུས་ཁོང་གིས་བོད་ལ་ལང་ཚོ་སྐྱེས་སུ་ཕུལ་ནས་ལོ་35སོང་ཡོད།
རྒན་ཡོལ་ཞུས་ནས་ཤིས་ཨན་དུ་ལོག་རྗེས། ལིའུ་ཏེན་ཀུང་གིས་སྔར་རྒྱུན་བཞིན་བོད་དུ་འཚོ་བ་སྐྱེལ་སྐབས་ཀྱི་གོམས་གཤིས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་དེ། རྟག་ཏུ་ཇ་བསྲུབས་མ་འཐུང་བ་དང་སྤགས་ཟ་བ་མ་ཟད། ཉིན་ལྟར་དུས་ཐོག་ཏུ་བོད་ཀྱི་གསར་འགྱུར་ལྟ་ཉན་བྱེད་ཀྱི་ཡོད།
ལོ་ན་བགྲེས་པས་ད་ཆ་ཁོང་གིས་དོན་དག་མང་པོ་ཞིག་བློ་ལ་གསལ་པོ་ངེས་ཀྱི་མེད་མོད། འོན་ཀྱང་ཁོང་གིས་སྔར་བཞིན“ང་ནི་བོད་སྐྱོད་པ་རྒན་གྲས་ཤིག་ཡིན”ཞེས་བརྗོད་ཀྱི་ཡོད།
རི་འགོག་དམག་འཁྲུག་ནས་གངས་ལྗོངས་ས་མཐོའི་བར་དང་། གཞོན་སོ་དཀར་ནས་རྒན་སྐྲ་དཀར་བར། ལིའུ་ཏེན་ཀུང་གིས་མི་ཚེ་གང་པོར་བརྟེན་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཅི་ཞིག་ཡིན་པར་གསལ་བཤད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།