དབང་ཟླ་བ།
སྡོད་ཁང་གསར་པར་སྤོས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ།
འདི་ནི་དབང་ཟླ་བ་ཁང་པའི་ནང་ངལ་གསོ་བཞིན་ཡོད་པ།
ལོ་63ལ་སླེབས་པའི་དབང་ཟླ་བ་སྡོད་ཁང་གསར་པའི་མདུན་དུ་ལངས་ནས“སྡོད་ཁང་ཡག་པོ་འདི་འདྲའི་ནང་སྡོད་རྒྱུ་བྱུང་བ་སྔོན་ཆད་རྨི་ལམ་དུ་ཡང་འཁོར་མྱོང་མེད”ཅེས་སེམས་འགུལ་ཐེབས་བཞིན་བཤད།
དིང་རིའི་ས་ཡོམ་རིམ་པ་6.8ཀྱིས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་དུ་ཡང་གནོད་འཚེ་བཟོས་ཡོད། སྟེང་དགའ་ཤང་སྟེང་དགའ་གྲོང་ཚོའི་དབང་ཟླ་བའི་སོ་ཕག་ཁང་རྙིང་དེ་ཡང་ཉེན་ཁང་དུ་གྱུར་པས། ཁོང་ཚོ་ནང་མི་དྲུག་པོ་ཏང་ཡོན་ལས་བྱེད་པའི་རོགས་རམ་འོག་གུར་ཕུབ་ཅིང་སྒྲོམ་ཁང་བརྒྱབ་ནས་བསྡད། ལྟོ་གོས་དང་སྡོད་སར་སེམས་ཁྲལ་མེད་ལ་འཚོ་བ་ཡང་སྟབས་བདེ་ཡོད་མོད། ཡིན་ན་ཡང་དབང་ཟླ་བའི་སེམས་ནང་སྡོད་ཁང་གསར་པ་ཞིག་རྒྱག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
གྲོང་ཚོར་ཁང་པ་གསར་པ་རྒྱག་སྐབས། དབང་ཟླ་བའི་བུ་དང་མནའ་མ་ཡང་ཨར་ལས་ལ་ཞུགས་པས། རང་ཁྱིམ་གྱི་སྡོད་ཁང་གཅིག་པུ་རྒྱག་པར་ཡང་ཉིན་བདུན་འགོར་ཡོད། “ཟླ་བ་ཁ་ཤས་ལས་ཀ་བྱས་པར་ཡོང་འབབ་སྒོར་ཁྲི་གསུམ་བཞི་རག་བྱུང” “ནས་འདེབས་རྒྱུ་ཡང་ནར་འགྱངས་བྱས་མེད། རྒྱལ་ཁབ་ཀྱིས་རིན་པ་མི་དགོས་པར་སོན་བཟང་རྒྱ་མ་300སྤྲད་བྱུང་བས་ལོ་ལེགས་ན་ནིང་ལས་མང་བ་ཡོང་ངེས་རེད”ཅེས་དབང་ཟླ་བས་རྩིས་རྒྱག་བཞིན་བཤད།
དུས་ཐུང་ཟླ་བ་ཁ་ཤས་ནང་སྨི་ངོས་གྲུ་160ཡོད་པའི་སྡོད་ཁང་གསར་པ་བསྐྲུན་ནས་ཆུ་གློག་གཉིས་ཀ་ཁྲིད་པ་མ་ཟད། ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང་། གསང་སྤྱོད་བཅས་ཚང་མ་ཡོད། དབང་ཟླ་བ་ཆེད་མངགས་གཞིས་རྩེ་གྲོང་ཁྱེར་དུ་ཕྱིན་ནས་སྒོར་ཁྲི་2ལྷག་ཙམ་བཏང་སྟེ་བོད་བཟོའི་ནང་ཆས་ཆ་ཚང་ཞིག་ཉོས།
ཟླ་8ཚེས་10ཉིན། སྡོད་ཁང་གསར་པར་སྤོས་པའི་ཉིན་དེར་དུས་ཆེན་གཏོང་བ་ལྟར་ཧ་ཅང་འཁྲུག་ཆ་དོད། དབང་ཟླ་བས་ཆེད་མངགས་བཟོས་པའི་བོད་ཆས་སྤྲས་ཤིང་། ཚོམས་ཆེན་དུ་ནས་ཆང་དང་། ཇ་བསྲུབས་མ། བཟའ་བཅའ་སྣ་ཚོགས་བཤམས་ནས་ཁང་གསོལ་ལ་ཕེབས་མཁན་གཉེན་གྲོགས་ཚོ་བསུས་པ་རེད།
སྡོད་ཁང་གསར་པར་སྤོས་ནས་ཟླ་བ་གཅིག་ཕྱིན་ཡོད་པ་དང་། དབང་ཟླ་བས“ཁྱོད་ཀྱིས་ལྟོས་དང་། སྒེའུ་ཁུང་ཆེན་པོ་འདི་འདྲ་ཡོད་པས་ཧ་ཅང་དཀར་ཆ་དོད་པོ་འདུག ཚོམས་ཆེན་ཡང་ཧ་ཅང་ཆེན་པོ་འདུག”ཅེས་བློ་ཡིད་ཚིམ་པོས་བཤད་པ་དང་། དེ་རྗེས་ཚོམས་ཆེན་གྱི་གློག་སྒྲོན་སྤར་ཙམ་བསད་ཙམ་བྱས་ནས“གློག་སྒྲོན་འདི་ཡང་སྔོན་ནས་བསྒར་འདུག”ཅེས་སྤྲོ་བ་ཆེན་པོས་བཤད།
འཚོ་བའི་ནང་གི་བདེ་སྐྱིད་ནི་སྡོད་ཁང་གསར་པ་ཁོ་ན་མ་ཡིན་པར། དབང་ཟླ་བ་དེ་བས་སེམས་འགུལ་ཐེབས་པ་ཞིག་ནི་སྲིད་ཇུས་བཟང་པོ་དེ་རེད། ནས་ཀྱི་སོན་བཟང་དང་རྫས་ལུད་རིན་པ་མི་དགོས་པར་སྤྲོད་པ་མ་ཟད། ད་དུང་སོན་བཟང་ཁྱབ་གདལ་གྱི་ཁ་གསབ་ཀྱང་ཡོད། སྒོ་རའི་ནང་སྔོ་ཚལ་འདེབས་པར་ཁ་གསབ་ཡོད་ལ། ལོ་60ཡན་གྱི་རྒན་རྒོན་ལ་ཟླ་རེར་རྒན་གསོའི་དངུལ་སྒོར་300ལྷག་ཙམ་ལེན་རྒྱུ་ཡོད། བཟའ་ཟླ་དབང་པོ་སྐྱོན་ཅན་ཡིན་པར་ཡང་ཁ་གསབ་ལེན་རྒྱུ་ཡོད། ལོ་གཅིག་གི་སྲིད་ཇུས་སྣ་ཚོགས་ཀྱི་ཁ་གསབ་ཁོ་ནས་ཀྱང་ནང་མི་ཚོ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོད་པ་རེད།
“རྒྱལ་ཁབ་ཀྱིས་ང་ཚོར་ངོ་མ་ཡག་པོ་བྱེད་ཀྱི་འདུག” དབང་ཟླ་བ་ད་ཆ་སྡོད་ཁང་གསར་པར་སྤོས་ཚར་ཡོད། བུ་ལ་ཁ་ལོ་བའི་ལག་ཁྱེར་རག་རྗེས་རླངས་འཁོར་ཞིག་ཀྱང་ཉོ་རྩིས་ཡོད་པ་རེད། “ཕི་ཁཱ་རླངས་འཁོར་ཉོ་གི་ཡིན། སྤྱོད་གོ་ཆོད་པོ་འདུག”ཅེས་དབང་ཟླ་བས་བཤད།
འབྲེལ་ཡོད་གསར་འགྱུར།