དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་འཚོའི་དགོས་མཁོ་ནི་ཐོན་ལས་ཀྱི་གོ་སྐབས་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-13

    ཇ་སྲུབ་འཕྲུལ་ཆས་ཁྲོམ་རར་བཏོན་མ་ཐག་དགོས་མཁོ་ཆེ་བར་གྱུར་ནས་ས་མཐོར་འཚམ་པའི་ཐབ་ཆས་ཁྲི་བརྒྱ་ཕྲག་བྲིན་པ་དང་། གསོ་རླུང་འཕྲུལ་ཆས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འབྲེལ་ཡོད་གཉེར་སྐྱོང་ཁེ་ལས་སྟོང་ཕྲག་ཟིན་པ་ལ་སོགས……

    ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་རེད། ལོ་ངོ་60ཡི་རིང་། བོད་ཀྱིས་སྔ་ཕྱི་བར་གསུམ་དུ་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཤིང་། བརྒྱུད་རིམ་དེའི་ཁྲོད་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་བཙལ་རྙེད་ཐུབ་ཡོད།

    དེ་སྔ་ཇ་སྲུབ་འཕྲུལ་ཆས་ནི་དཀའ་གནད་ཅིག་ཡིན་ཞིང་། སྤྱིར་བཏང་གི་ཐབ་ཆས་ས་བབ་མཐོ་སར་མ་འཚམ་པར་རྟག་ཏུ“ཟས་རིགས་འཚོས་ཁག་པ་དང་བུད་རྫས་ཟད་གྲོན་ཆེ་བའི”དཀའ་གནད་འཕྲད་ཀྱི་ཡོད། དམངས་འཚོའི་དགོས་མཁོ་དེར་དམིགས་ནས། ཁྱད་ལྡན་ཐོན་ལས་ཤིག་ཐོན་པ་དེ་ནི་ས་མཐོའི་ཐབ་ཆས་ཞིབ་སྤེལ་དང་གསར་བཟོ་བྱེད་པ་དེ་རེད། ས་མཐོའི་ཡུལ་སྐོར་དར་རྒྱས་དང་མི་རྣམས་ཀྱི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ས་མཐོའི་གསོ་རླུང་སྒྲིག་ཆས་ནི་དམིགས་བསལ་རེ་གཉིས་ལ་མཁོ་བ་ནས་སྤྱི་དམངས་ཀྱི་ཁྲོམ་རར་བཏོན་པས་ཁེ་ལས་མང་པོ་ཞིག་གི་བློ་བཀུག་སྟེ་ཐོན་ལས་འཁོར་འབྲེལ་གསར་རྐྱང་ཞིག་ཆགས་ཡོད། དཔེ་མཚོན་དེ་དག་ལས་ཆོས་ཉིད་ཟབ་མོ་ཞིག་གསལ་སྟོན་བྱས་པ་སྟེ། དཔལ་འབྱོར་གྱི་འཕར་གཞི་གསར་པ་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་ཁྲོད་དུ་ཡོད་པ་དེ་རེད།

    དམངས་འཚོའི་དགོས་མཁོ་ཇི་ལྟར་བྱས་ནས་ཐོན་ལས་ཀྱི་གོ་སྐབས་སུ་སྒྱུར་བ་ཡིན་ནམ། དེ་ཉིད་མཐར་གཏུགས་ནས་བརྗོད་ན། དམངས་འཚོའི་དགོས་མཁོ་ནི་བདེན་པ་བདེན་ཐུབ་དང་ཁ་ཚ་དགོས་གཏུགས་ཀྱི་ཁྲོམ་རའི་བརྡ་འཕྲིན་ལ་ཐུག་ཡོད། སྤྱི་དམངས་ཀྱི་འཚོ་བར“སྟབས་བདེ་མེད་པ”དང་། “སྐྱིད་སྣང་དོད་པོ་མེད་པ” “བློ་ལ་མ་འབབ་པ”བཅས་ལས། མཁོ་སྤྲོད་ཕྱོགས་ཀྱི་ཞན་ཆ་དང་སྟོང་ཆ་གསལ་ལེར་མངོན་པ་མ་ཟད། ཁྲོམ་ར་གསར་གཏོད་ཀྱི་བར་མཐོངས་ཀྱང་ངོ་རྟགས་ཆོད་ཀྱི་ཡོད། དགོས་མཁོ་དེ་དག་ལ“འཕྲལ་མཁོ་དང་རིམ་སྤོར”གྱི་ཁྱད་ཆོས་གཉིས་ལྡན་ཡོད་པ་སྟེ། གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་བྱེད་པའི་འཕྲལ་མཁོ་ཡིན་ལ། འཛད་སྤྱོད་རིམ་སྤོར་གྱི་གཏིང་ཤུགས་ཆེན་པོའང་ལྡན་ཡོད། དགོས་མཁོ་འདི་རིགས་སྐོང་བ་དེས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཐད་ཀར་མཐོ་རུ་གཏོང་ཐུབ་ལ། ཁེ་ལས་ལ་འགྲན་ལམ་གསར་པ་གཏོད་པ་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཐུབ།

    རྒན་རྒོན་མང་བའི་སྤྱི་ཚོགས་ལས་ཐོན་པའི་དབུ་དཀར་དཔལ་འབྱོར་ནས་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཀྱིས་སྐུལ་བའི་སྔོ་ལྗང་འཛད་སྤྱོད་བར་དང་། གྲངས་འཛིན་འཚོ་བ་ལས་ཐོན་པའི་རིག་ནུས་ནང་ཆས་ནས་བདེ་ཐང་འདུ་ཤེས་ཀྱིས་ཁྲིད་སྟོན་བྱས་པའི་བདེ་ཐང་ཆེ་མོའི་ཐོན་ལས་བར། དམངས་འཚོའི་ཁྱབ་ཁོངས་མི་ཉུང་བ་ཞིག་ལ་ཐོན་ལས་ཀྱི་གོ་སྐབས་ཆེན་པོ་ཡོད་པས། འགག་རྩ་ནི་ཚོར་བ་སྐྱེན་པོས་བརྡ་རྟགས་འདི་དག་བཟུང་སྟེ་གོ་ཆོད་པའི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཁྲོམ་ར་གསར་གཏོད་བརྒྱུད། དམངས་འཚོའི་དགོས་མཁོའི“དཀའ་གནད”དེ་དག་འཕེལ་རྒྱས་ཀྱི“བཀྲག་མདངས་འཚེར་སར”བསྒྱུར་ནས་དཔལ་འབྱོར་གྱི་འཕར་ཚད་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་རྒྱུར་ཐུག་ཡོད།

    འདི་གྲུབ་པར་སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་ནུས་ཤུགས་འདོན་དགོས།

    སྲིད་གཞུང་གིས“ལམ་བཟོ་བ”ཡག་པོ་བྱེད་དགོས་ཤིང་། གྲངས་གཞི་ཆེ་མོའི་དབྱེ་ཞིབ་དང་། ཡུལ་དངོས་ཀྱི་བརྟག་ཞིབ། དམངས་འདོད་བསྡུ་རུབ་སོགས་ཀྱི་ཐབས་ཤེས་བརྒྱུད་དེ་དམངས་འཚོའི་དགོས་མཁོ་གནད་སྨིན་འཚོལ་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ནོར་ཁྲལ་གྱི་གཟིགས་སྐྱོང་དང་། ཚད་གཞི་བཟོ་བ། ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་སོགས་ཀྱི་བྱ་ཐབས་བརྒྱུད་ཁེ་ལས་ཞུགས་འཐུས་ཀྱི་ཚད་གཞི་དང་གསར་གཏོད་ཀྱི་ཉེན་ཁ་ཆུང་དུ་གཏོང་དགོས། གཞན་ཡང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལྷན་སྦྱར་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དཔེར་ན་གསོ་རླུང་མཁོ་སྤྲོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ལྕག་བཏང་ནས་ས་བབ་མཐོ་བའི་ས་ཁུལ་དུ་གསོ་རླུང་མཁོ་སྤྲོད་ཀྱི་མདོང་ལམ་སྐྲུན་པ་དང་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྐྲུན་དགོས།

    ཁེ་ལས་ཀྱིས་ཀྱང“གསར་གཏོད་པ”ཡག་པོ་བྱེད་དགོས་ཤིང་། དམངས་འཚོའི་དཀའ་གནད་ཁྲོད་ནས་ཚོང་ལས་ཀྱི་གོ་སྐབས་འཚོལ་མཁས་པོ་བྱས་ཏེ། སྤྱོད་མཁན་གྱི་དགོས་མཁོ་དངོས་ཤེས་པ་བྱེད་དགོས། ལག་རྩལ་གསར་གཏོད་དང་སྤྱོད་འོས་རང་བཞིན་ཟུང་འབྲེལ་ལ་སྣང་ཆེན་བྱས་ཏེ“གཟི་བརྗིད་ཁོག་སྟོང”རིགས་དོན་གཉེར་བྱེད་མི་རུང་ལ། སྤུས་ཚད་ཀྱི་ཚད་གཞིའང་དམའ་རུ་མི་གཏོང་བར་ཐག་གཅོད་ཀྱི་ཇུས་གཞི་འཚམ་ཤོས་ཤིག་འཚོལ་དགོས། ཚོང་ལས་ཀྱི་རྣམ་པ་གསར་གཏོད་ལ་སྣང་ཆེན་བྱས་ཏེ་ཁེ་སྤོགས་ཀྱི་བར་མཐོངས་ཆེ་རུ་གཏོང་དགོས་པ་དང་། སྤུས་རྟགས་འཛུགས་སྐྱོང་དང་ཁྲོམ་ར་སྐྱེད་སྲིང་ལ་སྣང་ཆེན་བྱས་ཏེ་མི་མངོན་པའི་དགོས་མཁོ་དེ་དག་དོན་དངོས་ཀྱི་ཁྲོམ་རར་སྒྱུར་དགོས།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》ལས་དྲངས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།