བོད་རིགས་ཀྱི་བུད་མེད་ཚོས་པང་གདན་འཆིང་པའི་རྒྱུ་མཚན་ག་རེ་ཡིན་ནམ།
བོད་རིགས་ཀྱི་བུད་མེད་ཚོས་པང་གདན་འཆིང་པའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེ་ན། དེ་རིང་རྩོམ་སྒྲིག་པས་དེའི་སྐོར་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།
པང་གདན་འཆིང་དགོས་དོན། པང་གདན་འཆིང་དགོས་དོན་ནི། གཅིག་ནས་བུད་མེད་ཚོས་ཕྲུ་གུ་པང་དུ་ཉར་སྐབས་སྟབས་བདེ་པོ་ཡོང་བའི་ཆེད་དུ་ཡིན་པ་དང་། གཉིས་ནས་བོད་རིགས་ཀྱི་བུད་མེད་ཚོ་ཕྱིར་སྐྱོད་སྐབས་མེ་ཤིང་དང་གཟན་རྩྭ་སོགས་སྒྲུག་པའི་གོམས་གཤིས་ཡོད་པས་པང་གདན་ནི་བླུག་སྣོད་སྟབས་བདེ་ཞིག་ཏུ་འགྱུར་གྱི་ཡོད། གསུམ་ནས་པང་གདན་བཅིངས་ན་རླུང་འགོག་དང་དྲོད་ཇུས་ཀྱི་ནུས་པ་ཐོན་གྱི་ཡོད། པང་གདན་གྱི་རིགས། པང་གདན་ལ་དབྱེ་ན། སྣམ་བུ་བྱིང་མའི་པང་གདན་དང་། སྤུ་ཕྲུག་གི་པང་གདན། ཤད་མའི་པང་གདན། སི་ཤན་གྱི་པང་གདན་སོགས་མང་པོ་ཡོད། མཛེས་རྒྱན་དུ་གོས་ཆེན་སོགས་ལས་གྲུབ་པའི་གྲུ་གདན་དང་པང་མཐུད་སོགས་ཡོད་པས། ཐུན་མོང་མ་ཡིན་པའི་བུད་མེད་ཀྱི་རྒྱན་ཆ་ཞིག་ཏུ་གྱུར་ཡོད། དེང་སྐབས་བོད་རིགས་བུད་མེད་ཚོས་འཆིང་པའི་པང་གདན་ལ་ཚོན་ཁྲ་དང་རྒྱུ་ཆ་འདྲ་མིན་སྣ་ཚོགས་ཡོད།པང་གདན་གྱི་ཁྱད་ཆོས། པང་གདན་འཆིང་སྟངས་ལའང་ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་ཡོད་པ་སྟེ། སྟོད་ཕྱོགས་སུ་བུད་མེད་ཀྱིས་རྒྱབ་མདུན་གཉིས་ཀར་པང་གདན་འཆིང་སྲོལ་ཡོད་པ་དང་། དབུས་ཕྱོགས་སུ་བུད་མེད་མང་ཆེ་བ་ཆང་ས་བརྒྱབ་རྗེས་གཞི་ནས་པང་གདན་འཆིང་གི་ཡོད།
འབྲེལ་ཡོད་གསར་འགྱུར།