དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་ལྔ་ཡི་རིང་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི“རྨང་གཞི”དེ་བས་བརྟན་དུ་ཕྱིན་པ།

    འཕར་ཐང་གིས་གོ་ལ་ཧྲིལ་པོའི་བསྡུར་གྲངས་ནང་བཅུ་ཆ་གསུམ་ཙམ་བཟུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-12

    ཝང་ཀྲེང་། ལིའུ་དབུན་ཤིན།

    གོ་ལ་ཧྲིལ་པོར་བཟོ་ལས་ཐོན་རྫས་གཙོ་བོའི་རིགས་504ཡོད་པའི་ནང་རང་རྒྱལ་གྱི་ཐོན་རྫས་མང་ཆེ་བའི་ཐོན་ཚད་ཨང་དང་པོར་སླེབས་པ་དང་། 2024ལོར་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་64འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་གྲས་སུ་ཚུད་པ། ཁེ་ལས་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་8.4མཐོ་རུ་ཕྱིན་པ་ལ་སོགས། ཟླ་9ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་ལི་ལེ་ཁྲེང་སོགས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་བཟོ་ལས་དང་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

    བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན་ལོ་15བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ།

    བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་སྐྱོང་བའི་རྩ་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྨང་གཞི་རེད། ལོ་5ཡི་རིང་། རང་རྒྱལ་གྱི“རྒྱལ་ཁབ་ཀྱི་རྩ་བ”དེ་བས་ཟབ་ཏུ་ཕྱིན་པ་དང“ཁྱིམ་ཚང་གི་རྨང་གཞི”དེ་བས་བརྟན་དུ་ཕྱིན་ཡོད། ལི་ལེ་ཁྲེང་གིས་མིག་སྔར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་གོ་ལ་ཧྲིལ་པོའི་བསྡུར་གྲངས་ནང་བཟུང་ཚད་30%ཙམ་ཟིན་པ་དང་སྤྱིའི་གཞི་ཁྱོན་ལོ་15བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    སྔོན་ཐོན་བཟོ་སྐྲུན་གྱི་རྒྱ་སྟོབས་མགྱོགས་མྱུར་ཆེ་རུ་ཕྱིན་པ། ནུས་རྒྱུ་གསར་པའི་རླངས་འཁོར་ལ་ཆ་མཚོན་ན་2024ལོར་རླངས་འཁོར་བཟོ་ཚད་ཁྲི་1300ལས་བརྒལ་བ་དང་བཟོ་ཚོང་བྱེད་ཚད་ལོ་10བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་བྱུང་བ་དང་། གྲུ་བཟོའི་ལས་རིགས་ཀྱི་རྒྱལ་སྤྱིའི་ཁྲོམ་རའི་ནང་བཟུང་བའི་ཐོབ་སྐལ་མུ་མཐུད་འཛམ་གླིང་གི་ཨང་དང་པོའི་གྲས་སུ་སླེབས་ཡོད། ཐོན་ལས་ལ“ལྗང་མདོག”ལྡན་ཚད་མུ་མཐུད་མཐོ་རུ་སོང་བ་དང་། རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་6430ཟིན་པ། གཞི་ཁྱོན་ཡན་གྱི་བཟོ་ལས་རྩིས་གཞིའི་འཕར་ཐང་གི་ནུས་རྒྱུ་ཟད་གྲོན་རྒྱུན་ཆད་མེད་པར་ཆུང་དུ་སོང་ཡོད།

    གསར་གཏོད་ཀྱི་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་པ། ལོ་5ཡི་རིང་། རང་རྒྱལ་གྱི་གསར་གཏོད་ལ་མ་དངུལ་གཏོང་ཤུགས་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་། གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གྱིས་གཉེར་སྐྱོང་ཡོང་འབབ་ནང་བཟུང་བའི་བསྡུར་ཚད་1.6%ལས་བརྒལ་བ། བཟོ་ལས་ཁེ་ལས་570ལྷག་ཙམ་གོ་ལ་ཧྲིལ་པོའི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་བའི་ཁེ་ལས་སྟོབས་ཆེན་2500ཡི་གྲས་སུ་ཚུད་ཡོད།

    དངོས་གྲངས་མཉམ་འདྲེས་རྒྱ་སྐྱེད་དང་ཕན་འབྲས་ཆེ་རུ་བཏང་བ། ལོ་5ཡི་རིང་། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་རྒྱ་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་དང་། 5Gསྦྲེལ་ཚུགས་ཁྲི་459.8ཟིན་པ། གཙོ་གནད་བཟོ་ལས་དྲ་སྦྲེལ་ལས་སྟེགས་ཀྱི་སྒྲིག་ཆས་སྦྲེལ་མཐུད་བྱེད་ཚད་དུང་ཕྱུར་1ལྷག་ཙམ་ཟིན་ཡོད། “ཐོན་སྐྱེད་ཁྱབ་ཁོངས་སུ་རྒྱལ་ཡོངས་ཀྱི‘5G+བཟོ་ལས་མཉམ་འབྲེལ་དྲ་རྒྱའི’འཛུགས་སྐྲུན་རྣམ་གྲངས་ཁྲི་2ལྷག་ཙམ་ཟིན་པ་དང་། འཛད་སྤྱོད་ཁྱབ་ཁོངས་སུ་དྲ་ཚོང་ཐད་གཏོང་དང་། དབྱིངས་ཞུགས་རྣམ་པའི་ཉོ་སྒྲུབ། གྲངས་འཛིན་རིག་གནས་ཡུལ་སྐོར་སོགས་ཀྱི་ཆ་འཕྲིན་འཛད་སྤྱོད་ཐོན་རྫས་དང་རྣམ་པ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་མཉམ་འབྲེལ་དྲ་རྒྱ་སྦྲེལ་མཐུད་བྱེད་ཚད་100%ཟིན་ཡོད”ཅེས་བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཀྲང་ཡུན་མིང་གིས་ངོ་སྤྲོད་བྱས་པ་རེད།

    རྒྱལ་ཁབ་རིམ་པའི་བཟོ་སྐྲུན་ལས་རིགས་གསར་གཏོད་ལྟེ་གནས་33ཟིན་པ།

    “ཉེ་བའི་ལོ་ཤས་རིང་ང་ཚོས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་སྟེགས་འཛུགས་པ། བྱེད་པོ་སྟོབས་ཆེར་གཏོང་བ། གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ནས་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད”ཅེས་ལི་ལེ་ཁྲེང་གིས་བཤད།

    ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ“ཇེ་མཐོར”ཕྱིན་པ། མ་འཇོག་ཐད་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྣོན་རྩིས་དང་འཕྲི་འཐེན་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བཏང་ཞིང་། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་དེས་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་གྱི་3/4ཡན་བཟུང་ཡོད། ཐོན་འབོར་ཐད་བཟོ་ལས་ཁེ་ལས་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་གྲངས་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་ཁྲི་90.7ནས་2024ལོའི་ཁྲི་124.4བར་འཕར་བ་དང་། ལོ་དེའི་གསར་གཏོད་ཁེ་བེད་བདག་ཐོབ་རེ་ཞུ་བསྡོམས་འབོར་ནང་བཟུང་བའི་བསྡུར་གྲངས་60%ནས་65%བར་འཕར་ཡོད།

    རྒྱལ་ཁབ་མཐོ་གསར་ཁུལ་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད“གོམ་སྟབས་གསར་པ”སྤོས་པ། 2024ལོར། རྒྱལ་ཁབ་མཐོ་གསར་ཁུལ་178ཀྱི་གླིང་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་19.3ཟིན་པ་དེས་རྒྱལ་ཡོངས་ཀྱི་GDPནང་14.3%བཟུང་བ་དང་། ལས་མི་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་ལས་ཆོད་མི་རེར་སྒོར་ཁྲི་71.8ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་ལྡབ་གཅིག་འཕར་ཡོད།“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་མཐོ་གསར་ཁུལ་ནང་གོ་ལ་ཧྲིལ་པོའི་འདྲེན་བརྒལ་ཚད་རྡུལ་རྩིས་རྒྱག་འཕྲུལ་འཁོར་ཐོག་མ་དང་། གོ་ལ་ཧྲིལ་པོའི་རྒྱུན་སྤྱོད་མི་ཐབས་རིག་ནུས་མ་ལག་གི་མ་དཔེ་ཐོག་མ་སོགས་ཐོག་མའི་གསར་གཏོད་ལག་རྩལ་དང་ཐོན་རྫས་སྔ་རྗེས་སུ་ཐོན་ཡོད།

    གཙོ་གནད་ལག་རྩལ་སྒྲིག་ཆས་ནི་ཐོན་ལས་རིམ་སྤོར་གྱི་འདེགས་སྐྱོར་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གནམ་གྲུ་ཆེན་པོ་C919རྟགས་ཅན་གྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་300ལྷག་ཙམ་བདེ་འཇགས་ངང་སྐྱེལ་འདྲེན་བྱས་པ་དང་། རྒྱང་སྐྱོད་ཨང་བདུན་པའི་རྒྱང་ཚོར་ཨང་བཅུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཡིས་མཁའ་གྲུ་ཨང་དགུ་པ་ཡར་འདེགས་པར་ཆུ་ཚོད་གསུམ་ཡང་མ་འགོར་བར་བར་སྣང་དུ་དངོས་ཟོག་འཕྲལ་སྐྱེལ་བྱས་པ། “ས་གཏིང་ཐ་ཁོའོ་ཁྲོན་1”གིས་ས་འོག་གི་གཏིང་ཚད་སྨི་10910གྱི་སར་གསོར་འབིགས་རྩད་ཞིབ་བདེ་བླག་ངང་བྱས་པ་ལ་སོགས། “ང་ཚོས་མཁོ་སྤྲོད་འཚམ་ལ་སྤུས་ལེགས་ནུས་ཆེའི་ལག་རྩལ་སྒྲིག་ཆས་གལ་ཆེན་གྱི་མ་ལག་མགྱོགས་པོ་འཛུགས་སྐྲུན་བྱས་ནས། ལག་རྩལ་སྒྲིག་ཆས་གལ་ཆེན་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཞིན་གོ་པིན་གྱིས་བཤད།

    བཟོ་ལས་འཕྲུལ་མི་གསར་དུ་སྒྲིག་སྦྱོར་བྱེད་ཚད་ཀྱིས་གོ་ལ་ཧྲིལ་པོའི་50%ཡན་བཟུང་བ།

    “‘ལོ་ལྔ་ཚན་བཅུ་བཞི་པའི’རིང་། ང་ཚོས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་། གསར་དར་ཐོན་ལས་གསོ་སྐྱོང་སྟོབས་ཆེར། མ་འོངས་ཐོན་ལས་སྔོན་དཔག་བཀོད་སྒྲིག་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད”ཅེས་ལི་ལེ་ཁྲེང་གིས་བཤད།

    གསར་དར་ཐོན་ལས་ཀྱི“སྣེ་ཁྲིད”བྱེད་ཤུགས་ཆེ་རུ་ཕྱིན་པ། ནུས་རྒྱུ་གསར་པའི་རླངས་འཁོར་དང་། འོད་ཤུགས། ལིས་གློག་རྫས། གྲུ་གཟིངས་དང་རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས་སོགས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ལེགས་ལྡན་ཐོན་ལས་ཁག་གཅིག་གསོ་སྐྱོང་བྱས་ལ་སྟོབས་ཆེར་བཏང་ཞིང་། མཉེན་གཤིས་མངག་བཟོ་དང་། མཉམ་སྤྱོད་བཟོ་སྐྲུན། རིག་ནུས་ཟོག་འགྲུལ། རིག་ནུས་བདེ་འཇགས་ཀྱི་འགོག་སྲུང་སོགས་ལས་རྣམ་གསར་པ་དང་རྣམ་པ་གསར་པ་འབོར་ཆེན་མགྱོགས་མྱུར་ཐོན་ཡོད། 2024ལོར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་ཚོང་བྱེད་ཚད་ནི་2020ལོའི་ལྡབ་9.5ཙམ་ཟིན་པ་དང་། འོད་ཤུགས་དང་རླུང་ཤུགས་སྒྲིག་ཆས་ཐོན་ཚད་འཛམ་གླིང་གི་མདུན་གྲས་སུ་སླེབས་ཡོད། དེ་དང་ཆབས་ཅིག ནུས་མཐོའི་ཐོན་ལས་ཀྱི་གཞི་རྟེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། རིམ་རྩིས་བརྒྱབ་ན་གསར་དར་ཐོན་ལས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་60ལྷག་ཙམ་གསོ་སྐྱོང་བྱས་ནས་ཆགས་པ་དང་རྒྱལ་ཁབ་ཀྱི་རང་ཚུགས་གསར་གཏོད་དཔེ་སྟོན་ཁུལ་23འཛུཌ་གཏོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།