“འབོ་གསེར་ཆེན་པོའི་མཉམ་ལས”ལ་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ།
—— ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དྲ་ཐོག་དབུ་ཚོགས་སུ་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་9ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དྲ་ཐོག་དབུ་ཚོགས་ལ་ཞུགས་པ་དང་འབྲེལ《མཐུན་སྒྲིལ་མཉམ་ལས་ཀྱིས་འབད་འབུངས་མདུན་སྐྱོད་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། གསུང་བཤད་ནང“ཕྱོགས་མང་རིང་ལུགས་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས”“སྒོ་དབྱེ་གཉིས་ཕན་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས”“མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས”ཞེས་པའི་གྲོས་འགོ་གསུམ་བཏོན་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོའི་ནང་དོན་དང་དོན་སྙིང་ལ་གསལ་འགྲེལ་གཏིང་ཟབ་གནང་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས“འབོ་གསེར་ཆེན་པོའི་མཉམ་ལས”ལ་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་དེ་བས་ཡག་པོ་གཅོག་ཆེད་ཁྲིད་སྟོན་གལ་ཆེན་བྱས་ཡོད་ཅེས་བརྗོད་པ་རེད།
“‘འབོ་གསེར་ཆེན་པོའི་མཉམ་ལས’ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་ཁྲིད་སྟོན་བྱས་ཡོད”
ཕྱོགས་མང་རིང་ལུགས་ནི་མི་སེམས་གཏད་ཕྱོགས་དང་དུས་ཀྱི་འཁོར་ཕྱོགས་ཡིན་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བརྟེན་ས་གལ་ཆེན་ཞིག་ཀྱང་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་ཕྱོགས་ཁག་གི་ཐོན་ཁུངས་སྐུལ་སློང་གང་ལེགས་བྱས་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་དེ་བས་ཡག་པོ་གཅོག་དགོས་ཞེས་གསུངས་ཡོད།
“ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས‘འབོ་གསེར་ཆེན་པོའི་མཉམ་ལས’ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་ཁྲིད་སྟོན་བྱས་ཡོད”ཅེས་དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཟུར་པ་མུའུ་ཧན་མོ་ཏེ·ཨ་ཧོ་ཐ་ལི་ཡིས་བརྗོད་ཅིང་། ཁོང་གིས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་དཔུང་ཁག་མདུན་མ་ཡིན་པའི་འབོ་གསེར་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཚོང་དོན་གྱི་སྒྲིག་སྲོལ་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་དགོས་ལ། དབྱི་རན་གྱིས་འབོ་གསེར་རྒྱལ་ཁབ་གཞན་དག་དང་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད།“འབོ་གསེར་རྒྱལ་ཁབ་ཀྱིས་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་གྲུབ་འབྲས་དེ་བས་མང་བ་གཏོད་དགོས་ཤིང་། དེ་ལས་འབོ་གསེར་རྒྱལ་ཁབ་རང་ངོས་ཀྱི་དཔལ་འབྱོར་སྟོབས་ཤུགས་ནུས་ལྡན་ངང་ཆེ་རུ་གཏོང་ཐུབ་རྒྱུ་མ་ཟད། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བའང་འབུལ་ཐུབ”ཅེས་བརྗོད་པ་རེད།
“ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་དར་སྤེལ་ཧུར་ཐག་བཏང་ནས་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་བྱ་སྤྱོད་ཀྱི་སྒྲོམ་གཞི་མཁོ་འདོན་བྱས་ཡོད”ཅེས་ཨེ་ཙེ་ཨོ་ཕི་ཡའི་སྲིད་ཇུས་ཞིབ་འཇུག་ཁང་གི་མཐོ་རིམ་བློ་འདྲི་བ་པཱ་ལུའུ·ཏེ་སྨི་ཞི་ཡིས་བརྗོད་ཅིང་། ཁོང་གིས། ཀྲུང་གོས་དུས་ཡུན་རིང་པོའི་ནང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་ཡོད། “ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ལས་ལྷོ་བྱང་བར་གྱི་ཧེ་བག་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། རྒྱལ་ཁབ་ཁག་ལ་མཐུན་རྐྱེན་སྦྱར་ནས་མཉམ་དུ་འགྲན་སློང་ལ་ཁ་གཏད་བཅག་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ”ཅེས་བརྗོད་པ་རེད།
“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དག་དྲང་གཞག་ངང་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཡོད”
“དྲང་གཞག་ངང་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་གལ་འགངས་ཆེན་པོ་ཡིན”ཞེས་ཨེ་ཅིབ་པེ་ཉི་སུའུ་ཝེ་ཧྥུ་སློབ་ཆེན་གྱི་ཆབ་སྲིད་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་ནཱ་ཏི་ཡས་ཨེ་ཅིབ་དང་ཀྲུང་གོའི་མཉམ་ལས་དཔེར་བཞག་ནས་བཤད་ཅིང་། ཁོང་གིས། “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཨེ་ཅིབ་དང་ཀྲུང་གོས་དྲང་གཞག་ངང་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་ནས་ཨེ་ཅིབ་ཏུ་རྣམ་གྲངས་རབ་དང་རིམ་པ་ལག་ལེན་བསྟར་ཐུབ་ཡོད། ཨ་ཧྥེ་རི་ཁར་ཀྲུང་གོའི་མཉམ་ལས་རྣམ་གྲངས་ཀྱིས་མ་དངུལ་དང་ལག་རྩལ་ཁྱེར་ཡོང་བ་མ་ཟད། ལས་ཞུགས་ཀྱི་ལས་གནས་དེ་བས་བཏོད་ནས་ཡུལ་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། མཉམ་ལས་བྱེད་སྟངས་འདིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་རེད།
ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་གཞོན་པའི་དམིགས་བསལ་དཔལ་འབྱོར་བློ་འདྲི་བ་ཅཱ་ཏི་ཅ·པུའུ་ལང་གིས། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་མཉམ་ལས་བྱས་པ་ལས་སྒོ་དབྱེ་གཉིས་ཕན་གྱི་འཕེལ་རྒྱས་ཀྱི་རིན་ཐང་མངོན་པ་མ་ཟད། དེ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་མཚོན་ཚུལ་ཞིག་ཀྱང་རེད། “ཏེ་ཨཱ་རླུང་གློག་རྣམ་གྲངས་དང་། རྡོ་དམར་ཚ་འོད་གློག་ཁང་། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཐོ་རིམ་མི་ཆོས་རིག་གནས་སྤེལ་རེས་ལམ་སྲོལ་སོགས་ཐད་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོས་བསྐྱར་སྐྱེས་ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲངས་འཛིན་དཔལ་འབྱོར། སློབ་གསོ་སོགས་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། ལྷོ་ཨ་ཧྥེ་རི་ཁ་ས་ཁོངས་དང་གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་ནང་མཉམ་འདྲེས་ཐུབ་པར་གོ་སྐབས་བཏོད་ཡོད”ཅེས་བརྗོད་ཅིང་། ཁོང་གིས“ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་སྟེ། འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཏུ་བཞག་ན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དྲང་གཞག་ངང་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་ཕན་ཐོགས་ཡོད་པའི”ངོས་འཛིན་ཡང་བྱས་ཡོད།
“ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་ཐུན་མོང་དར་རྒྱས་ཆེད་མཛེས་སྡུག་ལྡན་པའི་མདུན་ལམ་གསར་པ་བཏོད་ཡོད”
ཁེན་ནི་ཡའི་ཨ་ཧྥེ་རི་ཁའི་སྲིད་ཇུས་ཞིབ་འཇུག་ཁང་གི་སུའོ་ཀྲང་པི་ཏི·ཁ་ཀེ་དབན་ཅ་ཡིས་ངོས་འཛིན་བྱས་དོན། “མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་ཚེ”སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་གཏོད་ཐུབ་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་ཀྱིས་འཛམ་གླིང་ཁྱབ་ཁོངས་སུ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་བཞིན་ཡོད། ལང་ལོང་དང་འགྱུར་ལྡོག་འགྲོ་མང་བའི་དུས་རབས་འདིར་ཀྲུང་གོས་དར་སྤེལ་བཏང་བའི་ཞི་བདེ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ནི་མདུན་སྐྱོད་ཀྱི་ལམ་གསལ་བའི་སྒྲོན་མེ་ལྟ་བུ་ཞིག་ཡིན་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་སྐྱོད་པའི་ཆེས་བློས་འགེལ་ཆོག་པའི་ཐབས་ལམ་ཞིག་ཀྱང་ཡིན།
“འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་གསབ་རེས་རང་བཞིན་ཆེ་བ་ལས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། ཆབ་སྲིད་དང་། བདེ་འཇགས། དཔལ་འབྱོར། ཚན་རྩལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དེ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད” མིག་སྔར་ས་འབྲེལ་གྱི་གདོང་གཏུག་ཡང་ཡང་ཐོན་པ་དང་གོ་ལ་ཧྲིལ་པོའི་ཉེན་ཁ་དང་འགྲན་སློང་ཉིས་བརྩེགས་ཀྱི་རྒྱབ་ལྗོངས་འོག་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་ལྷོ་ལྷོ་མཉམ་ལས་དང་ལག་གདང་སྦྲེལ་བའི་འཕེལ་རྒྱས་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་རྒྱུ་རེད་ཅེས་སོ་ཏི་ཨ་རབ་རི་ཡ་ཏེའི་ཆབ་སྲིད་དང་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཨ་པུའུ་ཏུའུ་ལེ·ཨ་ཆི་ཙི·ཧྲ་པ་ཉི་ཡིས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།