དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-12

    ཚེས་10ཉིན་གྱི་སྔ་དྲོར། 2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས(གཤམ་དུ“ཞབས་ཞུའི་ཚོང་དོན་ཚོང་འདུས”ཞེས་བསྡུ་རྒྱུ)པེ་ཅིང་དུ་འགོ་ཚུགས་ཤིང་། རང་ལྗོངས་ཀྱིས་སྲིད་གཞུང་ཚོགས་པ་དང་འགྲེམས་འཕྲད་ཚོགས་པ་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་ནས་བོད་རང་སྐྱོང་ལྗོངས་ཀྱི་ཚོང་དོན་ཚོགས་པ་བཙུགས་ཏེ་ཚོང་འདུས་དང་འགྲེམས་སྟོན་ལ་ཞུགས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཝུན་ཀེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འགྲེམས་སྟོན་ལ་ལྟ་སྐོར་ཡང་གནང་བ་རེད།

    བོད་ལྗོངས་འགྲེམས་ཁང་དུ་ལི་ཝུན་ཀེ་འགྲེམས་ཞུགས་ཁེ་ལས་སུ་ཕེབས་རིམ་བཞིན་སྤེལ་རེས་གཏིང་ཟབ་གནང་བ་དང་། ཁེ་ལས་ཀྱི་འགྲེམས་ཞུགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཁེ་ལས་ལ་སྤུས་རྟགས་འཛུགས་སྐྱོང་དང་ཐོན་རྫས་ཚོང་གཉེར་ལ་ཤུགས་སྣོན་རྒྱག་རྒྱུའི་མཛུབ་ཁྲིད་གནང་བ་དང་འབྲེལ། འགྲེམས་ཞུགས་ཁེ་ལས་ལ་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས། གསར་གཏོད་བྱེད་ཤུགས་མུ་མཐུད་ཆེ་རུ་དང་ཐོན་རྫས་ཀྱི་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཟླ་9ཚེས་10ཉིན་ནས་ཟླ་9ཚེས་14ཉིན་བར་འཚོག་རྒྱུ་ཡིན་པ་དང་། ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱིས“གོ་ལ་ཧྲིལ་པོར་ཞབས་འདེགས་ཞུ། གཉིས་ཕན་མཉམ་སྤྱོད་ཡོང་བར་བྱེད”ཅེས་པའི་ཡུན་རིང་གི་བརྗོད་དོན་གཙོ་བོ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་འབྲེལ། “གྲངས་འཛིན་བློ་རིག་གིས་སྣེ་ཁྲིད་དང་ཞབས་ཞུའི་ཚོང་དོན་གསར་བརྗེས”ལོ་འཁོར་གྱི་བརྗོད་དོན་གཙོ་བོར་བྱས་ནས། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་འཕེལ་ཕྱོགས་གསར་ཤོས་དང་གླེང་མང་ཤོས་ལ་དམིགས་པ་རེད། བོད་ལྗོངས་འགྲེམས་ཁང་གིས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་འགྲེམས་ཚོང་བྱེད་པ་ཕུད། ད་དུང་ཡུལ་སྐོར་ལམ་ཐིག་རྩེ་གྲ་དང་། ཁྱད་ལྡན་ཡུལ་སྐོར་ཐོན་རྫས། རྒྱལ་ཁོངས་སུ་འཛུལ་བའི་སྟབས་བདེ་ཅན་གྱི་ཡུལ་སྐོར་བྱེད་ཐབས་བཅས་གཙོ་གནད་ཐོག་ངོ་སྤྲོད་བྱས་ཏེ། རིག་གནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།