བྱིས་པའི་སོར་རྩེ་ལས་འཁྲུངས་པའི་ལྗང་མདོག་གི་ཕུགས་འདུན།
ཉེ་ཆར། པེར་ཀྲེམ་གྱི་པུ་རུ་སེར་ཁུང་ཙི་སློབ་གླིང་དུ་པེ་ཅིང་གི་ལོ་ཆུང་བྱིས་པའི་པར་རིས་འགྲེམས་སྟོན་བྱས་པ་དང་། ཁྱོན་བརྩམས་ཆོས་160འགྲེམས་སྟོན་བྱས་ནས“འབྱུང་འགྱུར་གྱི་བདེ་སྡུག་མཉམ་མྱོང་ཚོགས་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཕྲུ་གུ་ཚོའི་དྭངས་གཙང་ལྷད་མེད་ཀྱི་ལྟ་ཕྱོགས་དང་ཚོན་མདོག་སྣ་མང་གི་ཐོག་ནས་ལྟད་མོ་བར་ལྗང་མདོག་འཕེལ་རྒྱས་ཀྱི་རེ་འདོད་བརྒྱུད་སྤྲོད་བྱས་པ་རེད།
བརྩམས་ཆོས་དེ་དག་ནི་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཀྱི་སློབ་ཆུང་མང་པོ་དང་། སྒྱུ་རྩལ་སློབ་གྲྭ མཛེས་དཔྱད་སློབ་གསོ་བཅས་ཀྱི་ལོ་བརྒྱད་ནས་བཅུ་བར་གྱི་སློབ་ཆུང་སློབ་མས་གསར་རྩོམ་བྱས་པ་དང་ཀོང་ཤིས་པེ་སེ་ཅེན་ཧོ་སློབ་ཆུང་གི་གྲོགས་པོ་ཆུང་ཆུང་ཚོས་ཀྱང་བརྩམས་ཆོས་རྩེ་གྲ་20བསྐྱལ་བ་རེད། ཁོང་ཚོས་སྟབས་བདེའི་འབྲི་ཐབས་དང་རྣམ་པར་བཀྲ་བའི་ཚོན་མདོག་ལ་བརྟེན་ནས་ལྗང་མདོག་འབྱུང་འགྱུར་ལ་བཅངས་པའི་རེ་སྒུག་མངོན་པར་བྱས་ཤིང་། ཁོང་ཚོའི་པིར་རྩལ་ལས་ཐོན་པ་ནི་ལྗང་མདོག་ནི་ཚོན་མདོག་ཙམ་མ་ཟད་ས་གོ་ལའི་ཁྱིམ་གཞིས་སྲུང་བ་དང་རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་གྱི་རྒྱུན་སྐྱོང་བའི་དམ་བཅའ་ཞིག་དེ་བས་ཀྱང་རེད།
རྒྱལ་སའི་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་ཁྲའོ་དབྱང་ཚོད་ལྟའི་སློབ་ཆུང་གི་ལིའུ་རུན་ཅ་ཡིས་གསར་འགོད་པར་ཁོ་མོའི་བརྩམས་ཆོས《ཕ་ཡུལ》ཞེས་པའི་ནང་མེ་ཏོག་ཟིང་སྐྱ་རབ་ཏུ་བཞད་པའི་སྡོང་པོའི་འོག་ཤིང་ཁང་དང་། ཆུ་མོ། དབེན་འཇམ་གྱི་རི་བོ་བཅས་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་གྱུར་བ་དེ་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་པའི་ཁྱིམ་གཞིས་མཚོན་ཡོད་ཅེས་བཤད།
པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ཀའོ་ཝེ་ཡིས“པར་རིས་འགྲེམས་སྟོན་ལས་མི་རྣམས་ལ་དྭངས་གཙང་ལྷད་མེད་ཀྱི་བྱིས་བློ་ཞིག་ཚོར་ཐུབ་པ་མ་ཟད། ད་དུང་ས་གོ་ལ་དང་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་ཇི་ལྟར་བྱེད་པའི་ཐད་བསམ་གཞིག་བྱེད་པར་ཡང་སྐུལ་མ་ཐེབས་ཡོད། བྱེད་སྒོ་འདི་རིགས་བརྒྱུད། ཀྲུང་པེར་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་དང་བསམ་ཤེས་བྱེད་ཟབ་ཏུ་སོང་ནས་མི་རབས་རྗེས་མར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་གཏོད་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།
པེར་ཀྲེམ་གྱི་ཤིས་ཧྥུའོ་ལན་ཏེ་སློབ་ཆེན་ཁུང་ཙེ་སློབ་གླིང་གི་པེར་ཀྲེམ་ཕྱོགས་ཀྱི་ཡོན་ཀྲང་ཧྥུང་ཧའོ་ལེ་ཡིས་འགྲེམས་སྟོན་བྱས་པ་དེས་པེར་ཀྲུང་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པར་རམ་འདེགས་ཐུབ་པ་དང“འབྱུང་འགྱུར་པེར་ཀྲེམ་གྱི་གྲོགས་པོ་ཆུང་ཆུང་ཚོས་ཀྱང་ཀྲུང་གོར་པར་རིས་འགྲེམས་སྟོན་བྱས་ཏེ་སྒྱུ་རྩལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་ཀྱི་འབྲེལ་ཟམ་འཛུགས་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།