དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞི་མཐུན་དུས་བདེ་དམངས་སེམས་བརྟན། བདེ་སྐྱིད་ལེའུ་གསར་ཡང་ཡང་རྩོམ།

    རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-11

    བོད་ལྗོངས་འདི་ཉིད་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་རེད། ཏང་གི་འགོ་ཁྲིད་འོག ལོ་ངོ་60ཡི་རིང་བོད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ཞིང་ས་གཤིན་པོར་རྨོ་འདེབས་ཞིབ་ཚགས་བྱས་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ས་རྒྱུ་གཤིན་པོར་གསར་གཏོད་ལ་བརྟེན་ནས་འགྱུར་ལྡོག་ཡོང་རེ་བྱས་ཏེ། སྤྱི་ལེ་ངོས་གྲུ་ཁྲི་120ཡི་ཡངས་ཤིང་རྒྱ་ཆེ་བའི་ས་མཐོར་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གྱི་བརྗིད་ཆེའི་ལེའུ་བརྩམས་ཡོད། དེང་གི་བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་གསར་གཏོད་བྱ་རྒྱུ་འདེགས་སྐྱོར་དུ་བྱེད་པ། བདེ་འཇགས་ཐོན་སྐྱེད་འགན་སྲུང་དུ་བྱེད་པ་བཅས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་དུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ནས་ཞི་མཐུན་བརྟན་ལྷིང་གི་ཉི་འོད་ཡུལ་གྲུ་ཀུན་ལ་འཕྲོ་བར་བྱེད་བཞིན་ཡོད།

    སེ་འབྲུའི་མེ་ཏོག་ས་མཐོར་རབ་ཏུ་བཞད། མི་རིགས་མཐུན་སྒྲིལ་ལ་བརྟེན་བརྟན་ལྷིང་གཏོད།

    2024ལོར་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོར“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ཡོད། གཟི་བརྗིད་མཚན་སྙན་དེ་ནི་གྲོང་ཚོ་ཡོངས་ཀྱི་གོང་འོག་ཚང་མས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་དང་འབད་འཐབ་ལྷོད་མེད་བྱས་པ་ལས་ཐོབ་པ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ལས་དོན་བོད་དུ་གང་ལེགས་སྤེལ་བས། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་སྔར་བས་གཏིང་ཟབ་ཏུ་ཕྱིན་ཡོད། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་སྡེ་ཁུལ་ཆེ་ཤོས་ཟམ་ཁ་སྡེ་ཁུལ་ནི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་རེད། སྡེ་ཁུལ་དེར་སྡོད་མཁན་ནི་ཤང་དང་གྲོང་རྡལ་གཞན་ནས་སྤོས་ཡོང་བའི་དུད་ཚང་10དང་ཤང་དང་གྲོང་རྡལ་གྱི་ཕྱིར་སྤོས་དུད་ཚང་4ལས་གྲུབ་པའི་བོད་རིགས་དང་། རྒྱ་རིགས་། ཧུད་རིགས། པའེ་རིགས་སོགས་མི་རིགས་མང་པོའི་གྲོང་མི་ཡིན་པ་རེད། དེ་གར་མི་རིགས་མི་འདྲ་བའི་མི་རྣམས་ཁྱིམ་ཚང་གཅིག་ལྟར་མཉམ་དུ་འཚོ་བར་རོལ་བ་དང་ཐུན་མོང་ཐོག་འབད་འཐབ་བྱེད་བཞིན་ཡོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་སུ“ལྟ་བ་ལྔའི”སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སོགས་མུ་མཐུད་གཏིང་ཟབ་སྤེལ་བ་དང་། རྩ་ཁྲིམས་དང་། 《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》 《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》སོགས“ལྔ་བརྒྱད”བཅའ་ཁྲིམས་ཁྱབ་གདལ་གྱི་ནང་དོན་དུ་བཅུག་སྟེ་མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་བ། ལོ་རེའི་ཟླ་བ་དགུ་པ་རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བར”གཏན་འཁེལ་བྱས་པ་ལ་སོགས་པའི་བྱ་ཐབས་རབ་དང་རིམ་པ་ལས་བོད་ཀྱི་གང་སར་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བའི་གསོན་ཉམས་ལྡན་པའི་རྣམ་པ་མངོན་བཞིན་ཡོད།

    གཞི་རིམ་སྐྱོང་མཁས་བཀོད་པ་གསར་པ་གཏོད། དུས་བདེའི་རྨང་གཞི་སྔར་བས་སྲ་ཞིང་བརྟན།

    གཞི་རིམ་ནི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་ཡིན་པས་གཞི་རིམ་བཅོས་སྐྱོང་གི“མཐའ་སྣེའི”ནུས་པ་འདོན་ཐུབ་ཚེ། གཞི་ནས་སྤྱི་ཚོགས་བཅོས་སྐྱོང་སྔར་བས་ཕན་ནུས་ལྡན་པ་དང་གནད་ལ་འཁེལ་བར་འགྱུར་ཐུབ།

    དེས་ན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས“ཁྲོམ་གཞུང་ལས་དོན་ཨུ་ལྷན་ཆེན་པོ་དང་། སྡེ་ཁུལ་ཏང་ཨུད་ཆེན་པོ། དྲ་མིག་ཏང(སྤྱི་ཁྱབ)ཀྲི་པུའུ། ཁུལ་ཆུང(སྒོ་ར)ཏང་ཀྲི་པུའུ(ཏང་ཚོགས་ཆུང) ཏང་ཡོན་ལྟེ་བའི་དུད་ཚང(གཉིས་ལྡན་དུད་སྦྲེལ)”བཅས་རིམ་ལྔའི་རྩ་འཛུགས་འབྲེལ་ཐག་ཆ་ཚང་ཞིག་བཙུགས་ཏེ། “དྲ་མིག་དང་སྟར་དཔོན་ཟུང་དུ་འབྲེལ་བའི”སྡེ་ཁུལ་བཅོས་སྐྱོང་གི་རྣམ་པ་འཚོལ་ཞིབ་བྱས་ནས་བཏོད་ཡོད། རྣམ་པ་དེ་ཚགས་དམ་པའི་དྲ་བ་ཞིག་དང་འདྲ་བར་སྡེ་ཁུལ་གྱི་ཁུག་ཆ་ཚང་མར་ཁྱབ་ནས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ཐུབ་ཀྱི་ཡོད།

    2023ལོར་ནག་ཆུ་གྲོང་ཁྱེར་གྱི“མཉམ་དུ་གཉིས”ཀྱི་འབད་འཐབ་རུ་ཁག་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཡོད། “མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་དང་། མཉམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བ”རང་འཁྲིའི་ལས་འགན་དུ་བྱས་པའི་དཔུང་ཁག་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ད་ཆ་གྲོང་ཁྱེར་ཡོངས་ཀྱི་དཔུང་ཁག་1329དང་རུ་མི་ཁྲི་3.3ལྷག་ཙམ་གྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཁྱབ་ཁོངས་ཁག་ཏུ་ནུས་པ་འདོན་བཞིན་ཡོད། ཁོང་ཚོའི་འབད་བརྩོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་ཐུབ་ཚད་68%ནས་96%བར་མཐོ་རུ་ཕྱིན་པ་དང་ཞིང་འབྲོག་པ་73%རང་འགུལ་ངང་བདེ་སྲུང་འགོག་ཟོན་ལ་ཞུགས་ཡོད་པ་རེད།

    མངོན་མེད་རྐྱེན་ངན་སེལ་ནས་སྲུང་བཅད་སྐྲུན། ཁྲིམས་སྐྱོང་མཐའ་བརྟན་གཞི་རྩ་བརྟན་དུ་གཏོང་།

    བདེ་འཇགས་ཐོན་སྐྱེད་ནི་མི་དམངས་ཀྱི་བདེ་རྩ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། རང་ལྗོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ཀྱི་འགུལ་རྣམ་དོ་སྙོམས་ཡོང་བ་དང་ཆར་པ་ཆུ་གྲོགས་ཡོང་བར་སྐུལ་འདེད་བཏང་ཡོད།

    མི་སེར་གྱི“ལྕེ་ཐོག་གི་བདེ་འཇགས”ལ་སྲུང་སྐྱོབ་བྱ་ཆེད། ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་དུ་གནས་པའི་མྱུར་དཔྱད་ས་ཚིགས་སུ་ཉིན་ལྟར་ཞིབ་དཔྱད་བྱ་རྒྱུའི་བཟའ་བཅའི་མ་དཔེ་མང་པོ་གྲལ་འགྲིག་པོས་འཇོག་གི་ཡོད། སྐར་མ་10ནས30བར་གྱི་ཞིབ་དཔྱད་བྱས་རྗེས། མ་དཔེ་ཚང་མར་རང་ཉིད་ཀྱི“ཞིབ་དཔྱད་སྙན་ཞུ”སྟེ། ཞིབ་དཔྱད་ལ་སྐྱེལ་བའི་ཚེས་གྲངས་དང་། མ་དཔེའི་ཡོང་ཁུངས། ཁོར་ཡུག་དཔྱད་གྲངས་སོགས་ཀྱི་ཆ་འཕྲིན་དང་དེ་བཞིན་ཞིབ་དཔྱད་བྱས་འབྲས་ཞིབ་ཕྲ་བཀོད་ཡོད།

    བཟའ་བཅའ་རེ་རེའི“ཞིབ་དཔྱད་སྙན་ཞུ”ཡོངས་བསྒྲགས་བྱེད་པ་ནི་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་ཁས་ལེན་བྱས་པ་ཞིག་ཡིན་ལ་བཟའ་བཅའི་རྒྱུ་སྤུས་ལ་ར་སྤྲོད་བྱས་པ་ཞིག་ཀྱང་ཡིན།

    2024ལོར་ལྗོངས་ཡོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། རང་སྐྱོང་ལྗོངས་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད(2024ལོ་ནས་2026ལོའི་བར)ཇུས་གཞི》བཟོས་པ་དང་། འཕྲལ་སྡོམ་དང་། སློབ་གསོ། རིག་གནས་དང་ཡུལ་སྐོར་སོགས་སྡེ་ཚན་གྱིས་ལས་བགོས་ལ་གཞིགས་ནས། སྡེ་ཚན་དེ་ག་དང་ལས་རིགས་དེ་གའི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཀྱི་ལྷན་སྦྱར་ཇུས་གཞི་དང་བྱ་ཐབས་ཞིབ་འཇུག་བྱས་ཏེ་བཟོས་པ་རེད།

    སྔར་ནས་བཟུང་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཉེན་བརྡ་རྒྱུན་དུ་སྒྲོག་པ་དང་དུས་རྒྱུན་དུ་དོགས་ཟོན་བྱས་ནས་ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་སྤྱི་ཚོགས་སྲུང་སྐྱོང་ལས་དོན་དེ་དུས་རྒྱུན་དུ་སྒྲུབ་པ་དང་གཞི་རིམ་དུ་དོན་འཁྱོལ་ཐུབ་པར་བྱས་པས། སྤྱི་ཚོགས་སྤྱི་ཡོངས་བརྟན་ཐོག་ཡར་འཕེལ་རྒྱུན་མཐུད་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།