དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་འཐུས་མི་ཚོགས་པ་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-10

    ཚེས་8ཉིན། ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པ(གཤམ་དུ་མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཞེས་བསྡུ་རྒྱུ)ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་བོད་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་འགོ་ཚུགས་མཛད་སྒོ་དང་དེ་བཞིན་མཛོ་སྒང་རྫོང་གི་ཚོང་འགུག་མ་འདྲེན་དང་ཐོན་རྫས་འོས་སྦྱོར་ཚོགས་འདུར་ཞུགས་པ་དང་འབྲེལ། བོད་ཀྱི་འགྲེམས་ཁང་དུ་སྐོར་གཟིགས་གནང་ནས་རང་ལྗོངས་ཀྱི་འགྲེམས་ཞུགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་ཡང་གནང་བ་རེད།

    སྐབས་འདིའི་མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག བོད་ཀྱིས“སྲིད་གཞུང་ཚོགས་པ་དང་ཚོང་འགུག་ཚོགས་པ་ཟུང་འབྲེལ”གྱི་རྣམ་པའི་ཐོག་ནས་བོད་ལྗོངས་ཕུའུ་ཁྲང་གཟིམ་སྤོས་ཚད་ཡོད་འགན་འཁྲི་ཀུང་སི་དང་ནག་ཆུའི་བོད་དར་དབྱར་རྩྭ་དགུན་འབུ་ཚད་ཡོད་ཀུང་སི་སོགས་ཁེ་ལས་སྒྲིག་འཛུགས་བྱས་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་ཆབས་ཅིག ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབར་དང་། ལྷོ་རོང་། དཔའ་ཤོད། མཛོ་སྒང་བཅས་རྫོང་བཞི་སྒྲིག་འཛུགས་བྱས་ནས་བོད་ཀྱི་འགྲེམས་ཁང་དུ་ལམ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    གཞན་ཡང་། ཚེས་9ཉིན་གྱི་སྔ་དྲོར། བོད་ཀྱིས་ད་དུང་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་ཡུལ་དུ་ལྗང་མདོག་ཐོན་ལས་ཀྱི་ཚོང་འགུག་མ་འདྲེན་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་མོང་ཞའོ་ལིན་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་པ་རེད། ཆེད་དོན་འོས་སྦྱོར་དང་། ངོ་འཕྲད་གྲོས་མོལ་དང་འབྲེལ་མཐུད། ཁེ་ལས་བཞུགས་མོལ་སོགས་ཀྱི་བྱ་ཐབས་བརྒྱུད་རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་དང་མ་འཇོག་སྲིད་ཇུས་དྲིལ་བསྒྲགས་བྱས་ནས། སྤུས་ལེགས་ཁེ་ལས་བོད་དུ་རྟོག་ཞིབ་དང་མ་འཇོག་ལས་དར་ལ་ཡོང་བར་ལྕག་སྐུལ་བྱེད་པ་དང་ཡིད་དབང་འགུག་ཐབས་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།