དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ།

    འོད་སྟོང་འབར་བའི་རབ་བྱུང་གཅིག སྔ་འཛིན་ཕྱི་གཏོད་ལེའུ་གསར་རྩོམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-10

    2021ལོའི་ཟླ་7པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བར་ཕེབས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། བོད་དུ་རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅིས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་དགོས”ཞེས་གསལ་པོ་བཏོན་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་གསོན་ཉམས་ལྡན་པའི་ལག་ལེན་དུ་ཇི་ལྟར་སྒྱུར་དགོས་སམ།

    2021ལོའི་ཟླ་11ཚེས་27ཉིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འགོ་ཚུགས་ཤིང་། ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་བོ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”བྱེ་བྲག་དང་གཞི་རྟེན་ཅན་གྱི་འབད་འཐབ་དམིགས་ཚད་དུ་སྒྱུར་དགོས་ཞེས་གསལ་པོར་བཏོན་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་བསམ་བློ་གཅིག་གྱུར་དང་། མི་སེམས་གཅིག་སྒྲིལ། དམ་འཛིན་བྱ་གཞི་མཁོ་འདོན་བཅས་བྱས་ཡོད།

    བོད་ལ་ལོ་ངོ་སྟོང་ཕྲག་རིང་འཕྲད་དཀའ་བའི་འཐབ་ཇུས་ཀྱི་གོ་སྐབས་ཐོབ་པ།

    1965ལོར་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་མཆོང་སྐྱོད་ཆེན་པོ་བྱུང་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་རྒྱས་ཡོང་བར་འགན་སྲུང་བརྟན་པོ་ཐོབ་སྟེ། དུས་དེ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད།

    ——1971ལོར་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག ལྗོངས་ཡོངས་ཀྱི་ཏང་ཡོན་གྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་རྒྱལ་ཁའི་ངང་འཚོགས་ནས་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་དང་པོ་བདམས་ཐོན་བྱུང་ཞིང་། དེ་རྗེས་ས་གནས་ཁག་གི་ཏང་ཡོན་གྱི་འཐུས་མི་ཚོགས་ཆེན་སྔ་རྗེས་སུ་འཚོགས་ཏེ་བོད་ཀྱི་ཏང་གི་རྩ་འཛུགས་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་རིམ་བཞིན་ཚད་ལྡན་དུ་གྱུར་ཡོད།

    ——1983ལོར་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་པ་དང“འབྱོར་འབྲིང”ཞེས་པའི་ཐ་སྙད་ཐེངས་དང་པོར་དངོས་སུ་བཏོན་ཞིང་། མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་འབྱོར་འབྲིང་དུ་སླེབས་རྒྱུར་གོམ་པ་དབྱེ་ནས་སྐུལ་འདེད་བཏང་ཡོད།

    ——1995ལོར་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། “རྒྱལ་ཡོངས་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་པ་ན། བོད་ཀྱིས་ཇི་ལྟར་བྱེད་དགོས”པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ——2011ལོར་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཤིང་། ཚོགས་ཆེན་ཐོག སླད་ཕྱིན་ལོ་ལྔ་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འགག་རྩའི་དུས་སྐབས་ཤིག་རེད་ལ། རྒྱལ་ཡོངས་ཀྱི་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་སུ་མུ་མཐུད་སྙེགས་པའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད་ཅེས་བསྟན་ཡོད།

    ——2016ལོར་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཤིང་། ཚོགས་ཆེན་ཐོག མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ནི་རང་ལྗོངས་ཀྱིས་རྒྱུན་མཐུད་བརྟན་ལྷིང་དང་ཕྱོགས་ཡོངས་ནས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་དང་། ཡུན་རིང་བདེ་འཁོད་ཀྱི་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་མཚམས་ཤིག་རེད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཀྱང་རེད་ཅེས་ཁ་གསལ་བཏོན་ཡོད།

    ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་དར་རྒྱས། གསར་གཏོད་ཀྱི་ཚ་རླབས་འཕྱུར་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་དུས་རབས་རླབས་པོ་ཆེར་གནས་ཡོད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་སོགས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། ནུས་རྒྱུ་གཙང་མའི་རྟེན་གཞི་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་བསྟུན་ནས་བོད་ལ་ལོ་ངོ་སྟོང་ཕྲག་རིང་འཕྲད་དཀའ་བའི་འཐབ་ཇུས་ཀྱི་གོ་སྐབས་ཐོབ་ཡོད། རང་ལྗོངས་ལ་ལེགས་ཆ་མངོན་གསལ་དོད་པོ་དང་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པ་དང་། ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གསར་པ་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། བོད་སྐྱོར་ལས་དོན་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ཞིང་། མཐུན་རྐྱེན་མང་པོའང་བསྟུད་མར་བསྐྲུན་པས། མི་རིགས་ཁག་གི་མི་དམངས་ཀྱིས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཡིད་ཆེས་དང་གདེང་སྤོབས་བརྟན་དུ་ཕྱིན་ཡོད།

    “རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་རྩ་བའི་གཙོ་རྐང་ལ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་དམ་འཛིན་བྱས་པ་དང་། བརྗོད་དོན་གཙོ་བོ་མངོན་གསལ་དོད་པ། གྲུབ་འབྲས་ཧ་ཅང་ཆེན་པོར་ཕྱོགས་སྡོམ། ལག་ལེན་གྱི་སྡོམ་ཚིག་ལ་ར་སྤྲོད། ཉམས་མྱོང་གལ་ཆེན་བསྡུ་ལེན། སྤྱིའི་གཞི་འཛིན་ས་གསལ་བཟོ། གཙོ་གནད་ལས་དོན་བཀོད་སྒྲིག ཏང་འཛུགས་སྐྱོང་ནན་བཤད། འབོད་སྐུལ་དྲག་པོ་བསྒྲགས་པ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྒྱང་ལམ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་ཞིབ་འཇུག་སུའོ་ཡི་ལས་རོགས་ཞིབ་འཇུག་པ་ལིའུ་ཡན་ཅུན་གྱིས་བཤད།

    “འཛུགས་གཏོད་བཞི”ལས་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་གཏན་འཁེལ་བྱས་པ།

    ལས་འགན་ཡི་གེ་གཏན་འཁེལ་ཟིན་པ་དང་། གདོང་མཆོང་གི་དུང་བརྡ་བཏང་ཟིན།

    ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚང་མས“ལས་འགན་ཡི་གེ”རང་འགུལ་ངང་དང་ལེན་བྱས་ཤིང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་རྒྱལ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཧའོ་དེའི་གྲས་ཤིག་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་རིང་། ཁྲེན་ཧའོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ང་ཚོས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གྱིས་སྔོན་ལ་ཚད་བརྒལ་ཡོང་བར་བྱས་ཏེ། རྒྱལ་སྤྱིའི་རང་བཞིན་གྱི་རིག་གནས་དང་ཡུལ་སྐོར་རྫོང་སྟོབས་ཆེན་དང་། དེང་རབས་ཞིང་ལས་རྫོང་སྟོབས་ཆེན། གཞིས་རྩེའི་ཤར་རྒྱུད་ཀྱི་ལྟེ་བའི་གྲོང་ཁྱེར་བཅས་རྩེ་གྲ་འཛུགས་སྐྲུན་བྱས་ཐོག ལྗོངས་ཡོངས་ཀྱི“འཛུགས་གཏོད་བཞིའི”སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ལོ་ངོ་སྟོང་གི་གྲགས་ཅན་གྲོང་ཁྱེར་རྒྱལ་རྩེ་འདི་ཉིད་ཀྱིས་དུས་རབས་གསར་པར་ལེའུ་གསར་པ་རྩོམ་པ་དང་བཀྲག་མདངས་འཚེར་ས་གསར་པ་གཏོད་རྒྱུ་ཡིན”ཞེས་བཤད།

    ཉེ་བའི་ལོ་ཤས་རིང་། རྒྱལ་རྩེ་རྫོང་གིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས“གྲགས་ཅན་གྲོང་ཁྱེར་དར་རྒྱས་གཏོང་བའི་ལས་གྲྭ”ལག་ལེན་ཤུགས་ཆེན་བསྟར་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2021ལོའི་སྒོར་དུང་ཕྱུར་29.22ནས་2024ལོའི་སྒོར་དུང་ཕྱུར་34.63བར་འཕར་ཡོད།

    རྒྱལ་རྩེ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་ལ་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ལས་དོན་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་ཡང་བསྐྱར་ཕྱིར་མིག་ལྟ་སྐབས། “འཛུགས་གཏོད་བཞི”དེ་བཀྲག་མདངས་འཚེར་ས་ཆེ་ཤོས་སུ་གྱུར་ནས་མི་རྣམས་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་མ་ཆེན་པོ་ཐེབས་ཡོད།

    ཚོགས་ཆེན་གྱི་སྙན་སྒྲོན་ནང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་རྩ་འཛིན་བློ་སྦྱོང་དུ་བྱེད་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པ་བཅས་བྱས་ཏེ། བོད་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བྱེད་པར་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་དགེ་མཚན་སྔར་བས་འདོན་སྤེལ་དང་། རྒྱལ་ཁབ་ཀྱི་འགན་འཁྲི་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་མངོན་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་སྔར་བས་མཐོ་རུ་འགྲོ་བ་བཅས་བྱེད་དགོས་ཞེས་ཁ་གསལ་བསྟན་ཡོད།

    “འཛུགས་གཏོད་བཞི”ནི་བོད་རང་སྐྱོང་ལྗོངས་ཀྱིས“གོམ་སྟབས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་གོམ་སྟབས་དང་པོའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ཞིང་། སྤྱི་ཚོགས་བརྟན་ལྷིང་ལ་སྔར་བས་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་ལ་སྐུལ་འདེད་ཇི་ལྟར་གཏོང་བ་བཅས་ལ་ཚན་རིག་དང་མཐུན་པའི་ངང་ལན་བཏབ་པའི་དུས་རབས་ཀྱི་ལས་གཞི་ཞིག་ཡིན་པས། དེ་ནི་འཐབ་ཇུས་ཐད་ཀྱི་འཆར་འགོད་བཀོད་སྒྲིག་ཡིན་ལ་འགག་རྩའི་སྐབས་ཀྱི་ཐབས་འདོན་བྱ་སྤྱོད་ཀྱང་རེད།

    དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་ལག་ལེན་གང་ལེགས་བསྟར་བ།

    ད་ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཅིང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་སེམས་ཤུགས་གཅིག་སྒྲིལ་ངང་ཡོམ་འགོག་གེགས་སེལ་བྱས་ཏེ“མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་དང་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་པའི”བརྒྱུད་རིམ་ལས་བོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་གང་ལེགས་མངོན་ཡོད།

    སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དེ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་ལག་ལེན་གང་ལེགས་བསྟར་བའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད།

    གྲངས་གཞི་ཁག་གཅིག་ལས། ང་ཚོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་བོད་ལྗོངས་ཤིག་མཐོང་ཐུབ་སྟེ།

    བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2021ལོའི་སྒོར་དུང་ཕྱུར་2080.17ནས་2024ལོའི་སྒོར་དུང་ཕྱུར་2764.94བར་འཕར་བ་དང་། དཔལ་འབྱོར་གྱི་སྟོན་གྲངས་གཙོ་བོ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ“ལོ་ལྔ་ཡི་ནང་རི་ཀླུང་སྔོ་ལྗང་གིས་བརྒྱན་པ་དང་ལོ་བཅུའི་ནང་ལྷ་ས་སྔོ་ལྗང་གིས་བརྒྱན་པའི”བསམ་བཀོད་བཏོན་ཡོད། 2024ལོའི་ལོ་མཇུག་བར་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་70བྱས་པ་དང་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་མུའུ་ཁྲི་2260.33ཉམས་གསོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་མཐུད་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད།

    རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི“འདུ་འགོད་ཆེན་པོ་བདུན”ལག་ལེན་ཤུགས་ཆེན་བསྟར་ཏེ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་ཅུང་མགྱོགས་པོར་འཕར་རྒྱུ་རྒྱུན་འཁྱོངས་ཀྱིས་མཐའ་མཚམས་མི་སེར་ཕྱུག་པ་དང་། མཐའ་མཚམས་འགག་སྒོ་མཛེས་པ། མཐའ་མཚམས་བརྟན་ལྷིང་། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་རྒྱུན་མཐུད་བརྟན་དུ་བཏང་བ་རེད།

    ཉེ་བའི་ལོ་ཤས་རིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཞིབ་འཇུག་དང་འཆར་འགོད་སྐུལ་འདེད་བཏང་སྟེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱས་པ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་བས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།