དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བག་བྲོ།

    “མང་ཚོགས་ཕྱུག གྲོང་ཚོ་མཛེས། འབྱུང་འགྱུར་འཚོ་བར་རེ་བས་ཁེངས”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-10

    1965ལོར་བག་བྲོ་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་པད་ནག་གྲོང་ཚོར་སྐྱེས་པ་དང་། ལོ་དེར་བོད་རང་སྐྱོང་ལྗོངས་དབུ་བརྙེས།

    ཧ་གཉིད་གོ་བ་ནས་བཟུང་། རྒྱུན་དུ་ཨ་མས་ཁོང་ལ“བུ་རང་བསོད་བདེ་ཆེན་པོ་རེད། རང་སྐྱོང་ལྗོངས་དབུ་བརྙེས་པའི་ལོ་དེར་སྐྱེས་པས་ཟས་གོས་ལ་སེམས་ཁྲལ་བྱེད་དགོས་མེད”ཅེས་གསུངས་ཀྱི་ཡོད། འོན་ཀྱང་སྐབས་དེ་དུས་བསོད་བདེ་ཆེན་པོ་རེད་ཅེས་པ་དེ་ནི་ལྟོས་གྲོད་པ་རྒྱགས་པ་ཙམ་རེད། གྲོང་ཚོ་ནས་ལྷ་ས་གྲོང་ཁུལ་བར་ལམ་ཐག་སྤྱི་ལེ་40ལྷག་ཙམ་ལས་མེད་ཀྱང་རྐང་ཐང་ལ་བསྐྱོད་ན་ཉིན་གང་འགོར་གྱི་ཡོད། ལོ་60ཡི་རྗེས་སུ་རླངས་འཁོར་ལ་བསྡད་ན་སྐར་མ་40ཙམ་ལ་གྲོང་ཁུལ་དུ་འབྱོར་ཐུབ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད།

    2009ལོར། བག་བྲོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་དང་། ཁོང་གིས་ནམ་ཞག་རྒྱུན་དུ་ཡུལ་མི་ཚོར་ཡོང་འབབ་མང་དུ་གཏོང་བའི་ཐད་བསམ་བློ་མང་པོ་གཏོང་གི་ཡོད། ཐེངས་ཤིག་ལྗོངས་ཕྱིར་རྟོག་ཞིབ་ལ་འགྲོ་དུས་ཡུལ་གཞན་གྱི་སྔོ་ཚལ་དྲོད་ཁང་ཆེན་པོའི་ནང་འབྲི་ཏ་ས་འཛིན་དམར་ཐིང་ཐིང་བཏགས་ཡོད་པ་མཐོང་བ་དང་། དེ་ནི་མྱུར་འགྲུབ་ཀྱི་ཕྱུག་འགྱུར་རྣམ་གྲངས་ཤིག་ཡིན་པ་གོ་ཐོས་བྱུང་བས་ཐབས་ཇུས་ཤིག་བག་བྲོའི་སེམས་ལ་འཁོར།

    བག་བྲོ་ཕ་ཡུལ་དུ་ལོག་རྗེས་ཐབས་ཇུས་དེར“གྲོང་ཚོ་ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་གྲོས་བསྡུར་ཟབ་མོ་བྱས་མཐར་དེ་རང་བྱེད་རྒྱུའི་ཐག་བཅད། ཁོང་ཚོས་རྒྱལ་ཁབ་ཀྱི་རྣམ་གྲངས་མ་དངུལ་ནས་སྒོར་ཁྲི་30བརྩོན་ལེན་བྱས་པ་དང་དུད་ཚང་10ཡི་ཡུལ་མི་སྐུལ་སློང་གིས་སྒོར་ཁྲི་3བསྡུ་རུབ་བྱས་མཐར། སྔོ་ཚལ་དྲོད་ཁང་ཆེན་པོ་10བསྐྲུན་པ་དང་སྦྲགས་འབྲི་ཏ་ས་འཛིན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ཡང་བཙུགས།

    ད་ཆ། པད་ནག་གྲོང་ཚོས་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། མི་ཁག་གཅིག་སྐྱེལ་འདྲེན་ལས་ལ་གཞོལ་བ་དང་། ཁག་གཅིག་གིས་དམངས་སྲོལ་གནས་ཚང་གཉེར་བ། ཁག་གཅིག་གིས་དྲ་ཐོག་ནས་ཚོང་རྒྱག་པ་ལ་སོགས། འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་ཡི་ཡོད།

    2014ལོར། པད་ནག་གྲོང་ཚོར་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འགོ་སྐྲུན་ཚུགས་ཤིང་། ད་ཆ་ཁྱིམ་ཚང་ཚང་མ་ཐོག་སོ་གཉིས་ལྡན་གསུམ་ལྡན་གྱི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་ཡོད།

    2019ལོར། པད་ནག་གྲོང་ཚོས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་མ་ཟད། ད་དུང་རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟེངས་སྟོད་ཀྱང་ཐོབ་པ་རེད། ད་ཆ། གྲོང་ཚོའི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ནས་2012ལོ་དང་བསྡུར་ན་ལྡབ་གསུམ་འཕར་ཡོད།

    ཡོང་འབབ་མང་དུ་ཕྱིན་པ་མ་ཟད། གྲོང་ཚོའི་ཁོར་ཡུག་ཀྱང་ཇེ་ལེགས་སུ་འགྲོ་བཞིན་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་དགོས་པ”བཏོན་རྗེས། པད་ནག་གྲོང་ཚོས་འབོད་སྐུལ་དང་ལེན་ཧུར་ཐག་གིས་ཞིང་དོར་ནགས་གསོ་བྱས་པས། ད་ཆ་གྲོང་ཚོའི་གང་སར་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ནས་ཡུལ་མི་ཚང་མར་སྐྱེ་ཁམས་དང་ཡུལ་སྐོར་ལས་འབབ་འཕར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།