མིག་དམར་བསམ་གྲུབ།
བཙུགས་མ་ཐག་པའི་མཐའ་མཚམས་སྲིད་འཛིན་གྲོང་ཚོ་དང་མཉམ་དུ་འཚར་ལོངས་བྱུང་བ།
རླངས་འཁོར་ལ་བསྡད་ནས་ས་བབ་སྨི་4300ཡོད་པའི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་བྱི་ལི་ཕུག་གྲོང་ཚོར་བསྐྱོད་པ་ན། མཆོད་ཀོང་ལའི་བྲག་རྡོ་ཆེན་པོའི་ཐོག“ཀྲུང་གོ”ཞེས་པའི་ཡིག་འབྲུ་གསལ་བོ་བརྐོས་འདུག་ལ། ཡུལ་མིའི་སྡོད་ཁང་གི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས”ཞེས་པའི་སྦྱར་ཚིག་དམར་པོ་དེ་བས་བཀྲག་མདངས་ཆེ།
“འདི་གར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དབེན་པའི་རི་ཀླུང་ད་ཆ་འཁྲུག་ཆ་དོད་དུ་སོང་ནས་སྔོན་མའི་ཁེར་ཆགས་གླིང་ཕྲན་དེ་མིན”ཞེས་ལོ་21བྱི་ལི་ཕུག་གྲོང་ཚོ་བརྟན་སྲུང་བྱེད་མཁན་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་བྱི་ལི་ཕུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་བསམ་གྲུབ་ཀྱིས་སེམས་འགུལ་ཐེབས་བཞིན་བཤད།
2016ལོར་བྱི་ལི་ཕུག་གྲོང་ཚོ་དངོས་སུ་སྒྲིག་ཚུད་གྲོང་ཚོར་གྱུར་པ་དང་ཆབས་ཅིག་རླངས་འཁོར་ཤར་གཏོང་ཐུབ་ཅིང་། ལོ་25ལ་སོན་པའི་མིག་དམར་བསམ་གྲུབ་ལོ་དེར་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་དང་2017ལོར་དངོས་སུ་བྱི་ལི་ཕུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས།
སྒྲིག་ཚུད་གྲོང་ཚོ་ཐོག་མར་སྐྲུན་སྐབས་དུད་ཚང་10དང་མི་23ལས་མེད་པའི་རྒྱལ་ཡོངས་ཀྱི་མཐའ་མཚམས་སྲིད་འཛིན་གྲོང་ཚོ་གསར་པ་དེ་ཏང་གི་མཐའ་དར་དམངས་ཕྱུག་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་ལོ་བཅུ་ཡང་མ་འགོར་བར་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་གྱུར།
མིག་དམར་བསམ་གྲུབ་ཀྱིས་བྱི་ལི་ཕུག་གྲོང་ཚོའི་འཕེལ་རྒྱས་ལ་དཔང་པོ་བྱས། “རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས”ཞེས་2021ལོའི་ཟླ་11པར་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནས་མིག་དམར་བསམ་གྲུབ་ཀྱིས་མི་སེམས་ལ་སྐུལ་ལྕག་ཐེབས་པའི་གཏམ་དེ་ཐོས།
ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག བྱི་ལི་ཕུག་གྲོང་ཚོ་འཕེལ་རྒྱས་མྱུར་པོ་བྱུང་བ་སྟེ། 2017ལོར་སྣུམ་ནག་ལམ་སྒྱུར་བཀོད་རྒྱས་སྐྲུན་བྱས་པ་དང་། 2018ལོར་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་པ། 2020ལོར་གློག་ཤར་གཏོང་ཐུབ་པ། 2023ལོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ། 2025ལོར་བྱི་ལི་ཕུག་སློབ་ཆུང་གྲབས་འཛུགས་ཉིན་རེའི་ལས་རིམ་ནང་བཅུག་པ་སོགས་རེད།
མིག་དམར་བསམ་གྲུབ་ཀྱིས་གསར་འགོད་པར“ད་ཆ་བྱི་ལི་ཕུག་གྲོང་ཚོ་དུད་ཚང་249དང་ཡུལ་མི་878ཡོད་པའི་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཞིག་ཏུ་གྱུར་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐབ་ཇུས་བཀོད་སྒྲིག་བྱི་ལི་ཕུག་གྲོང་ཚོར་རེ་རེ་བཞིན་མངོན་འགྱུར་བྱུང་ནས་ཚང་མས་མཐའ་སྲུང་དང་། མཐའ་བརྟན། མཐའ་དར་བཅས་བྱེད་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།