དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ངས་སྲོག་ཆགས་ཀྱི་ཆེད་དུ་སྐད་ཆ་ཤོད་ཀྱི་ཡིན”

    བོད་ལྗོངས་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཚུལ་ཁྲིམས་མཐར་ཕྱིན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-10

    འདི་ནི་ཚུལ་ཁྲིམས་མཐར་ཕྱིན(དཀྱིལ)དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བས་སྐོར་གཡེང་བྱེད་བཞིན་པ།

    ཉིན་ཤས་གོང་། ཁྲུང་ཁྲུང་སྐེ་ནག་གི་བྱ་ཕྲུག་སྐོར་བརྗོད་པའི་བརྙན་ཐུང《ངས་སྲོག་ཆགས་ཀྱི་ཆེད་དུ་སྐད་ཆ་ཤོད་ཀྱི་ཡིན》ཞེས་པར་དོ་ཁུར་དང་གདེང་འཇོག་བྱེད་མཁན་མང་པོ་བྱུང་ནས། “བཀྲ་ཤིས་བདེ་ལེགས”བོད་ལྗོངས་དྲ་རྒྱའི་བརྙན་པར་དུས་ཆེན་སྐབས་ལྔ་པའི་ཐོག་བརྙན་ཐུང་ལེ་ཚན་རྐྱང་པའི་དགའ་མོས་བྱེད་མཁན་མང་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།

    བརྙན་ཐུང་བཟོ་མཁན་ཚུལ་ཁྲིམས་མཐར་ཕྱིན་ནི་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཞིག་རེད་ལ། 2024ལོའི་དུས་ཚིགས་དང་པོའི“ཀྲུང་གོའི་མི་བཟང་གི་མིང་གྲལ”ནང་ཚུད་པའི་ལས་བཀུར་ལེགས་སྐྱེས་ཀྱི་མི་བཟང་དང་རྒྱལ་ཡོངས་ཀྱི་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་དཔེ་དམག་ཁག་བཅུ་པའི་གྲས་ཤིག་ཀྱང་རེད།

    སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུབ་རྒྱུད་གླིང་ཁུལ་མང་ཆེ་བ་བོད་ལྗོངས་ཤན་རྩ་རྫོང་ཁོངས་སུ་གནས་ཡོད། ཚུལ་ཁྲིམས་མཐར་ཕྱིན་གྱིས་ས་བབ་སྨི་4500ལྷག་ཙམ་ཟིན་པའི་འདམ་ར་དང་། རྩྭ་ཐང་། མཚེའུ་དག་ནི“སྲོག་གནས་དཀའ་ཁུལ”མིན་པར“སྲོག་ཆགས་ཀྱི་དགའ་ཚལ”ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གསར་འགོད་པས་ཤན་རྩ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། འབྲེལ་ཡོད་ཚན་པ་དང་སྡེ་ཚན་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དཔུང་ཁག རྒྱ་ཆེའི་ལས་བྱེད་པ་བཅས་ཀྱི་ཐུན་མོང་འབད་བརྩོན་འོག སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆཌ་ཀྱི་གྲངས་འབོར་ཟམ་མི་ཆད་པར་འཕར་བཞིན་ཡོད་པ་རེད།

    མིག་སྔར། ཤན་རྩ་རྫོང་གིས་རི་སྐྱེས་སྲོག་ཆགས་ཁྱབ་ཚུལ་ལ་གཞིགས་ནས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་42བཀོད་སྒྲིག་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ལས་དོན་ཁག་སྤེལ་ཡོད། 1988ལོར་སྐྱེས་པའི་ཚུལ་ཁྲིམས་མཐར་ཕྱིན་2009ལོར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་རུ་ཁག་ནང་ཞུགས་ནས་ད་བར་ལོ་16ཕྱིན་ཡོད།

    ལོ་འཁོར་མོར་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་ཚོགས་སྲུང་སྐྱོང་བྱེད་པར་འགྲོ་དགོས་སྟབས། ཐོལ་བྱུང་གི་ཉེན་ཁ་སྣ་ཚོགས་འཕྲད་ཀྱི་ཡོད།

    2015ལོའི་དབྱར་དུས་ཀྱི་མཚན་མོ་ཞིག་ལ། ཚུལ་ཁྲིམས་མཐར་ཕྱིན་ལ“འབྲོག་པའི་ལྷས་རར་གསའ་འཛུལ་ནས་ལུག་མང་པོ་བསད་འདུག”ཅེས་པའི་ཁ་པར་ཛ་དྲག་པོ་ཞིག་འབྱོར་བར། ཁོང་གིས་འཕྲལ་དུ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་པ་མ་ཟད། མཚན་དེ་རང་ལ་ཆུ་ཚོད་1ལྷག་ཙམ་རླངས་འཁོར་བཏང་ནས་ཡུལ་དངོས་སུ་བསྐྱོད་དེ་གནད་དོན་ཐག་གཅོད་བྱས་ཁར། གསའ་དེའང་སྐྱོན་མེད་ངང་རོགས་སྐྱོབ་ས་ཚིགས་སུ་བསྐྱལ་བ་རེད།

    “ཉིན་གཉིས་པར་ང་ཚོས་གསའ་དེ་རི་སྐྱེས་སྲོག་ཆགས་གློད་སར་ཁྲིད་པ་དང་། ལྕགས་དྲའི་སྒོ་ཕྱེ་མ་ཐག་གསས་ཧོབ་སྟེ་ངའི་ལག་པ་གཡས་པར་སོ་བརྒྱབ་པས། སྨན་ཁང་ལ་འཚེམ་བུ་6རྒྱག་དགོས་བྱུང”ཞེས་ཚུལ་ཁྲིམས་མཐར་ཕྱིན་གྱིས་ད་ལྟའང་དྲག་སྐྱེད་ཡག་པོ་བྱུང་མེད་པའི་རྨ་ཤུལ་སྟོན་བཞིན་འདི་ལྟར་བརྗོད།

    ད་ཆ་ཚུལ་ཁྲིམས་མཐར་ཕྱིན་ནི་རུ་ཁག་དེའི་ནང་སྲོག་ཆགས་རོགས་སྐྱོབ་བྱེད་མཁས་ཤོས་སུ་གྱུར་ཡོད་པ་རེད།

    2024ལོའི་ཟླ་བ་9པར། ཤན་རྩ་རྫོང་གིས་རྫོང་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་42ཀྱི་ཁྲོད་ནས་རྐང་འཛིན་རུ་མི་7བདམས་ཏེ། “གངས་རིའི་ཕོ་རྒོད”ཞེས་པའི་ཚོགས་པ་ཞིག་བཙུགས་པ་དང་། ཚུལ་ཁྲིམས་མཐར་ཕྱིན་གྱིས་རུ་དཔོན་གྱི་འགན་ཁུར་ཏེ། གསའི་འཚོ་གནས་དང་རྒྱུད་སྤེལ་གྱི་ལས་ཀར་ཧུར་ཐག་གཞོལ་བཞིན་ཡོད།

    མིག་སྔར། ཚུལ་ཁྲིམས་མཐར་ཕྱིན་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཚོས་ད་དུང་དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་ལས་འགན་དེ་བས་མང་བ་ཁུར་ཏེ། འབྲོག་པ་མང་ཚོགས་དང་རྒྱ་ཆེའི་ཡུལ་སྐོར་བ་ཚོར་ངང་རྒྱུད་རིང་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྲིད་ཇུས་ཤེས་བྱ་གསལ་འགྲེལ་བྱས་ནས། ཚང་མ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ནང་ཞུགས་པར་ཁྲིད་སྟོན་བྱེད་བཞིན་ཡོད།

    ཚུལ་ཁྲིམས་མཐར་ཕྱིན་གྱིས། “དེ་ནི་ངས་བརྙན་ཐུང་བཟོ་བའི་ཐོག་མའི་དམིགས་ཡུལ་ཡིན”ཞེས་བརྗོད་པ་དང་། ཁོང་གིས། “ངས་བརྙན་ཐུང་དེ་བརྒྱུད། སྲོག་ཆགས་ཀྱི་ཆེད་དུ་སྐད་ཆ་ཤོད་རོགས་བྱས་ཏེ། ཚང་མས་དབྱིངས་ཞུགས་རྣམ་པའི་ཐོག་ནས་རང་བྱུང་ཁམས་ཀྱི་མཛེས་པ་དང་ཚེ་སྲོག་གི་འགུལ་སྐྱོད་ཚོར་བ་དང་། མི་དེ་བས་མང་བའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།