དཀར་མཛེས་ཀྱི་ན་གཞོན་མང་པོ་ཕ་ཡུལ་དུ་ལོག་པའི་ཚ་རླབས་གསར་པ་ཞིག་འཕྱུར་བ།
ད་ལོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་རེད། ཆ་སྙོམས་ས་བབ་སྨི་3500ཙམ་ཟིན་པའི་ཁྲོན་ནུབ་ས་མཐོ་དེ་ཉིད་དེ་སྔ་ཐག་རིང་ལུང་ཁུག་ཡིན་པའི་དབང་གིས་ཕྱི་ཕྱོགས་དང་འགྲོ་འོང་ཉུང་ཞིང་། རྩེ་མོ་མཁའ་ལ་ཟུག་འདྲའི་གངས་རི་མཐོན་པོས་མི་རབས་མང་པོའི་མང་ཚོགས་ཕྱི་ལ་འགྲོ་བའི་ལམ་བུ་བཀག་ཡོད། ཕྱིས་སུ་ལུང་པའི་ཕུ་མདའ་གང་སར་གཞུང་ལམ་བཏིང་པས། ཕུགས་འདུན་དོན་གཉེར་བ་འབོར་ཆེན་ཕྱི་ལ་བསྐྱོད་ཐུབ་ཡོད། འོན་ཀྱང་། དེ་དག་གི་ཁྲོད་ནས་གཞོན་སྐྱེས་ཁག་གཅིག་ཕྱིས་སུ་ཕ་ཡུལ་དུ་ལོག་མེད། ད་ཆ་དཀར་མཛེས་ཀྱི་གཞོན་ནུ་མི་རབས་གསར་པ་མང་པོས“ཕྱིར་སྐྱོད་པའི”གཏམ་རྒྱུད་ལ་འགྱུར་ལྡོག་གཏོང་བཞིན་ཡོད་ཅིང་། ཁོང་ཚོས་ཐག་རིང་ནས་གངས་རིའི་འདབས་སུ་ལོག་སྟེ། གནའ་ཉམས་དོད་པའི་དཀར་མཛེས་སུ་དུས་རབས་གསར་པའི་ལང་ཚོའི་ཉམས་འགྱུར་ངོམ་བཞིན་ཡོད།
དཀར་མཛེས་ཀྲོའུ་སྡེ་དགེ་རྫོང་སྨན་ཤོར་གྲོང་རྡལ་གྱི“མཁྱེན་ལི་བཟོ་ཁང”དུ་ལི་མ་དང་ཟངས་རྡུང་བ་ཚོས་ལག་ནང་གི་ཟངས་ཆས་ལ་འཇམ་ཤ་འདོན་བཞིན་ཡོད་པ་དང་། དེའི་འཁྲིས་སུ་འགན་འཁུར་བ་གཙོ་བོ་ཟླ་བ་སྒྲོལ་མས་ཐོན་རྫས་ལ་ཞིབ་བཤེར་བྱེད་བཞིན་ཡོད་ཅིང་། དངོས་ཟོག་དེ་དག་མི་རིང་བར་ཁྲོན་ནུབ་ས་མཐོ་ནས་སུའེ་ཙེར་དུ་བསྐུར་རྒྱུ་རེད།
ཟླ་བ་སྒྲོལ་མ་ནི་ལི་མ་དང་ཟངས་བཟོའི་ལག་ཤེས་པའི་ཁྱིམ་དུ་སྐྱེས་ཤིང་། སློབ་ཆེན་འགྲིམས་སྐབས་ཕྱི་རྒྱལ་དུ་ཚོང་ལས་རིག་པ་སྦྱོང་བར་བསྐྱོད་པ་རེད། སློབ་གྲྭ་ཐོན་ནས་རྒྱལ་ནང་དུ་ལོག་རྗེས་གཅུང་པོ་དང་མཉམ་དུ་ཁྱིམ་ཚང་བཟོ་ཁང་གི་ལས་ཀ་རྩིས་བླངས། ཁོང་གིས། “ཕྱིར་སློབ་སྦྱོང་དུ་བསྐྱོད་དོན་ནི་ཤེས་བྱ་རིག་གནས་ཡག་པོ་སྦྱངས་ཏེ་ཕ་ཡུལ་དུ་ལོག་ཆེད་ཡིན། ངས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕ་ཡུལ་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་ཐུབ་ན་བསམ་གྱི་འདུག”ཅེས་བརྗོད།
ཟླ་བ་སྒྲོལ་མས་ཆེད་ལས་ཀྱི་ཤེས་བྱ་དང་སྔོན་ཐོན་གྱི་འདུ་ཤེས་ལ་བརྟེན་ནས་སྨན་ཤོར་གྲོང་རྡལ་དུ་གསོན་ཤུགས་གསར་པ་ཞིག་འཕེལ་བར་བྱས་ཤིང་། ཁོང་གིས་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་དག་ཇུས་འགོད་ཀྱི་བསམ་ཕྱོགས་སུ་བཅུག་སྟེ། ན་གཞོན་ཚོས་དགའ་པོ་བྱེད་པའི་ཐབས་ལ་བརྟེན་ནས་ཐོན་རྫས་དང་དེའི་རྒྱབ་ཀྱི་གཏམ་རྒྱུད་བརྗོད་པ་མ་ཟད། ད་དུང་སྨན་ཤོར་གྱི་ལག་ཤེས་བཟོ་ཁང་གཞན་དག་30ལྷག་ཙམ་ཡོད་པ་དག་ཀྱང་ཁྲོམ་ར་ཅན་གྱི་ཚོང་གཉེར་ལམ་བུར་ཁྲིད་རོགས་བྱས་ཡོད། ད་ཆ་ཁོང་ཚོའི་ཐོན་རྫས་རྒྱལ་ཁབ་ཕྱི་ནང་དུ་འཚོང་བཞིན་ཡོད་པ་མ་ཟད། ད་དུང་ལག་ཤེས་པ་200ཙམ་གསོ་སྐྱོང་བྱས་པས། ཉེ་འཁོར་མང་ཚོགས་ལ་དཔལ་འབྱོར་གྱི་ཡོང་འབབ་འཕར་མ་བྱུང་ཡོད།
ཟླ་བ་སྒྲོལ་མ་དང་འདྲ་བར་དཀར་མཛེས་ཀྱི་ན་གཞོན་མང་པོས་སེམས་གཏིང་ནས་ཕ་ཡུལ་གྱི་རི་ཆུ་ཀླུང་གསུམ་དྲན་བཞིན་ཡོད། 2018ལོར་ཕ་ཡུལ་དུ་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་འགོ་ཚུགས་པ་ཤེས་རྗེས། བདེ་སྐྱིད་ཀྱིས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ནས་ལས་ཀ་རྩ་དགོངས་ཞུས་ཏེ། རོང་བྲག་རྫོང་སྤྲོ་སྣང་ཤང་བོད་རིགས་གྲོང་སྡེར་ལོག་སྟེ། བོད་བཟོའི་དམངས་སྲོལ་གནས་ཚང་སྟར་པ་ཞིག་བརྒྱབ་པ་རེད།
“སྐབས་དེ་དུས་ང་རང་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག་པ་དེ་གྲོགས་པོ་ཚང་མའི་བསམ་ཚོད་ལས་འདས་ཡོད། ཡིན་ནའང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱིས་གཞི་རིམ་ལ་རོགས་སྐྱོར་དང་སྐུལ་ལྕག་རྒྱུན་ཆད་མེད་པར་གནང་བས། ང་རང་ཡང་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་འདོད་བྱུང”ཞེས་བདེ་སྐྱིད་ཀྱིས་བཤད།
ཚོང་གཉེར་བྱེད་འགོ་ཚུགས་ཚུན། བདེ་སྐྱིད་ཀྱི་དམངས་སྲོལ་གནས་ཚང་གིས་ཆ་སྙོམས་ལོ་རེར་ཡུལ་སྐོར་བ་ཁྲི་གཅིག་ཡན་ལ་སྣེ་ལེན་ཞུ་བ་དང་། དུས་ཆེན་དང་ངལ་གསོའི་ཉིན་མོར་འགྲུལ་པ་དེ་བས་མང་བ་ཡོད། འོན་ཀྱང་། ཁོ་མོར་དེ་བས་དགའ་ཚོར་སྐྱེ་འོས་པ་ཞིག་ཡོད་པ་ནི་བོད་རིགས་གྲོང་སྡེའི་ཡུལ་མི་40ལྷག་ཙམ་གྱིས་དམངས་སྲོལ་གནས་ཚང་གཉེར་བཞིན་ཡོད་པ་དང་། ན་གཞོན་དེ་བས་མང་བ་གྲོང་སྡེར་ལོག་པར་སྐུལ་ཁྲིད་ཐུབ་པ་དེ་རེད།
གཞོན་ནུ་མི་རབས་གཅིག་གྲོང་སྡེར་ལོག་པ་དེས་གཞོན་ནུ་མི་རབས་རྗེས་མའི་ཕུགས་འདུན་སྒྲུབ་པར་རམ་འདེགས་ཐུབ་ཡོད།
ལོ་23ལ་སླེབས་པའི་ཚེ་ཕུན་གྱིས་ས་ཆ་གཞན་ནས་དོ་དམ་རིག་པ་སྦྱངས་ཤིང་། སློབ་གྲྭ་ཐོན་རྗེས་གསེར་རྟ་རྫོང་དུ་ལོག་ནས་ཁང་ནང་ལན་ཆིའུ་སྤོ་ལོ་ཁང་ཞིག་བཙུགས་པ་མ་ཟད། ལན་ཆིའུ་སྤོ་ལོའི་རུ་ཁག་གསུམ་སྒྲིག་འཛུགས་བྱས་པ་རེད། ད་རེས་དབྱར་གསེང་སྐབས་སློབ་ཆུང་སློབ་མ་བསོད་ནམས་ནོར་བུ་ཉིན་ལྟར་སྤོ་ལོ་ཁང་དུ་ཡོང་བ་དང་། ཁོ་པས་ཚེ་ཕུན་ལ་རང་ཉིད་ཀྱི་ཕུགས་བསམ་ནི་ལན་ཆིའུ་སྤོ་ལོ་རྒྱག་མཁན་ཞིག་བྱས་ནས་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་འདོད་པ་དེ་ཡིན་ཞེས་བཤད།
ལོ་30ལ་སླེབས་པའི་ཕུར་པ་ནི་དཔལ་ཡུལ་རྫོང་གི་སློབ་འབྲིང་དགེ་རྒན་ཞིག་ཡིན་ཞིང་། ཞིབ་འཇུག་སློབ་མ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་སློབ་ཁྲིད་ཀྱི་ལས་ལ་ཞུགས། ཕུར་པས་རྟག་ཏུ་སློབ་མར་ཕྱི་རོལ་ཡུལ་གྱི་གཏམ་རྒྱུད་མཉམ་སྤྱོད་བྱེད་པ་དང་། ད་དུང་སློབ་ཆེན་གྱི་སློབ་གྲོགས་ཚོར་རེ་བ་ཞུས་ནས་བརྙན་ལམ་བརྒྱུད་ཕྲུ་གུ་ཚོར་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་མཐོང་དུ་འཇུག་གི་ཡོད། འཚར་ལོངས་ཀྱི་གཏམ་རྒྱུད་རེ་རེ་ལས་ཕྲུ་གུ་ཚོའི་ལྟ་རྒྱ་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། ཕུགས་བསམ་ཡང་དེ་བས་བརྟན་དུ་ཕྱིན་ཡོད།
ཁྲོན་ནུབ་ས་མཐོའི་ངོ་མཚར་ཆེ་བའི་རང་བྱུང་ཡུལ་ལྗོངས་ཀྱི་པང་དུ་གཏམ་རྒྱུད་ངོ་མཚར་ཅན་གྲངས་ལས་འདས་པ་སྦྲུམ་པ་སྟེ། འདི་གར་སྐུ་བླ་རི་བོའི་གཏམ་རྒྱུད་གང་སར་ཁྱབ་པ་དང་། གེ་སར་རྒྱལ་པོའི་དཔའ་བོའི་ལོ་རྒྱུས་སྙན་ངག་བལྟམས་ཡོད། ད་ཆ། གཞོན་ནུ་མི་རབས་གསར་པས་རང་ཉིད་ལ་དབང་བའི་ལང་ཚོའི་གླུ་དབྱངས་ལེན་བཞིན་ཡོད་ཅིང་། ཁོང་ཚོ་ནི་གཤོག་ཟུང་རྒྱས་པའི་རྒོད་པོ་རེ་རེ་དང་འདྲ་བར་ཡངས་ཤིང་རྒྱ་ཆེ་བའི་ཕ་ཡུལ་གྱི་ནམ་མཁའ་ཡངས་པོར་འཕུར་ལྡིང་གི་གར་ལ་རྩེན་ཞིང་། གསར་གཏོད་ཀྱི་ས་བོན་ཁྱེར་ནས་ཕ་ཡུལ་གྱི་པང་ཁར་ཕུགས་བསམ་གྱི་མེ་ཏོག་འདེབས་པར་བྲེལ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།