དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཀྱི་ཆུ་དང་། གློག ལམ་སོགས་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།

    རྨང་གཞིའི་སྒྲིག་བཀོད་ལེཌ་སུ་ཕྱིན་ནས་ས་མཐོའི་བདེ་སྐྱིད་འཚོ་བར་འདེཌ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཝང་ཅིན་ཐའོ། ཞུས་ཡུས་ཡའོ།   |     སྤེལ་དུས།  2025-09-10

    བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི་བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང)གཟུགས་བརྙན་གསོ་རིག་ལྟེ་གནས་སུ་CTགློག་པར་འཕྲུལ་ཆས་ཀྱིས་སྨན་པས་ནད་བརྟག་པར་གཟུགས་བརྙན་དཔྱད་གཞི་མཁོ་འདོན་བྱེད་བཞིན་ཡོད།

    “སྨན་ཁང་གི་སྨན་བཅོས་སྒྲིག་ཆས་ཆེ་གྲས་དང་། དུག་སེལ་མཁོ་སྤྲོད་ལྟེ་གནས། སྨན་ཁང་གི་དྲོད་གཏོང་སྒྲིག་ཆས་སོགས་ལ་གློག་སྤྱོད་ཚད་ཧ་ཅང་མང་པོ་ཡོད། གློག་ཤུགས་དང་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་ང་ཚོས་གློག་ཤུགས་འགན་སྲུང་གི་གནད་དོན་ལ་སེམས་ཁྲལ་བྱེད་དགོས་ཀྱི་མེད། གོམ་སྟབས་རྗེས་མར་སྨན་ཁང་གིས་ད་དུང་འཕྲོ་འགྱེད་སྨན་བཅོས་དཔྱད་ཆས་སོགས་སྒྲིག་ཆས་གསར་པ་ཆེ་གྲས་སྣ་མང་ནང་འདྲེན་བྱ་རྒྱུ་མ་ཟད། རྒྱང་བསྟེན་གཤགས་བཅོས་ཀྱི་འཕྲུལ་མི་སོགས་སྔོན་ཐོན་ལག་རྩལ་སྤྱད་དེ་སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་གཞི་རིམ་དུ་སླེབས་པ་བྱས་ཐོག ཚད་གཞི་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་ཐོག་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་སྨན་ཁང་གི་ལག་བསྟར་ཡོན་ཀྲང་ཅང་ཡའོ་ཝུན་གྱིས་བཤད།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གློག་མཁོ་འདོན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧྥན་ཀྲེང་ཧྭ་ཡིས“སྨན་བཅོས་སོགས་དམངས་འཚོའི་ཁྱབ་ཁོངས་གལ་ཆེན་ལ་དམིགས་ནས། གློག་ཤུགས་ཀུང་སིས་ཆེད་མངགས་གློག་ལམ་གཉིས་ནས་གློག་མཁོ་འདོན་བྱས་ཏེ། གློག་མཁོ་འདོན་གྱི‘འགན་སྲུང་གཉིས’བརྟན་པོར་བསྐྲུན་ཡོད”ཅེས་ངོ་སྤྲོད་བྱས།

    དེ་དག་ནི“གློག་ཤུགས་མཁའ་ལམ”བཞི་ལས་བྱུང་བ་ཞིག་རེད། 2011ལོའི་ཟླ་12པར་མཚོ་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་དེ་རྗེས་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་དང་། བོད་དབུས་དྲ་སྦྲེལ་ལས་གྲྭ མངའ་རིས་དྲ་སྦྲེལ་ལས་གྲྭ་བཅས་སྔ་རྗེས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད། “གློག་ཤུགས་མཁའ་ལམ”བཞི་ཡིས་གངས་ལྗོངས་ས་མཐོའི་གློག་ཤུགས་ཀྱི་དྲ་རྒྱ་གཙོ་བོ་བསྐྲུན་པ་དང་ལྗོངས་ཡོངས་སུ་བློས་འགེལ་ཆོག་པའི་གློག་མཁོ་འདོན་བྱེད་ཚད་99.6%ཟིན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    “གློག་ཤུགས་མཁའ་ལམ”གྱི་ཐད་ཀའི་སྐུལ་ཁྲིད་འོག བོད་ལྗོངས་གློག་དྲས་གློག་སྤྱོད་ཐེག་ཚད་ལོ་ཤས་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ལོ་རེར་15%འཕར་བ་དང་མཐོ་ཤོས་ལ་ཆན་ཝ་ཁྲི་276ཟིན་པ། 2024ལོར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་154.17ཟིན་པ་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་དུས་ཀྱི་ལྡབ་593ཡིན་པ་རེད།

    རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པའི་རྨང་གཞིའི་སྒྲིག་བཀོད་ལས་ས་མཐོའི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་ཡོད།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཇོ་མོ་གླང་མའི་འདབས་སུ་གནས་པའི་ཟིང་དཀར་གྲོང་ཚོའི་ཡུལ་མི་ངག་དབང་ཁང་པ་གསར་པར་སྤོས་ཡོད། ཐོག་ཁང་ཆུང་ཆུང་གཙང་སྦྲ་དོད་པ་དང་། ཁྱིམ་ཆས་གསར་རྐྱང་ཡིན་པ། ཚོམས་ཆེན་དཀར་ཆ་དོད་པ་བཅས་ཡོད་པས་ཁོང་གི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།

    ཐབ་ཚང་ནང་དུ་རང་འབབ་ཆུ་ཀ་ལ་ནས་དྭངས་གཙང་གི་ཆུ་དོན་བཞིན་ཡོད་པ་དང་། ཚོམས་ཆེན་དུ་བརྙན་འཕྲིན་གྱི་སྣང་བརྙན་ཧ་ཅང་གསལ་བ། ཁ་པར་ནས་བརྙན་ཐུང་ཐད་ཀར་ལྟ་ཐུབ་པ་སོགས། “ང་ཚོའི་འཚོ་བ་གྲོང་ཁྱེར་དང་འདྲ་པོ་ཡོད”ཅེས་ངག་དབང་གིས་དགའ་ཚོར་ཆེན་པོས་བཤད།

    ས་སྲོད་ཀྱི་མཚམས་སུ་གངས་རིན་པོ་ཆེའི་འདབས་ཀྱི་དར་ཆེན་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་གློག་འོད་རིམ་གྱིས་གསལ་ལེར་འཕྲོ། གྲོང་རྡལ་དུ་མགྲོན་ཁང་ཆུང་ཆུང་ཞིག་གཉེར་སྐྱོང་བྱེད་མཁན་དཔལ་ལྡན་ལྷུན་གྲུབ་ཀྱིས“ལམ་ཡག་པོ་ཡོད་པས་ཡུལ་སྐོར་བ་འགྲོ་འོང་སྟབས་བདེ་བ་དང་། གློག་ཤར་གཏོང་ཐུབ་པས་ཁྱིམ་སྤྱོད་གློག་ཆས་རིམ་སྤོར་ཐུབ་པ་དང་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཆེན་པོ་ཕྱིན་པ། དྲ་རྒྱ་ཤར་གཏོང་ཐུབ་པས་ཚང་མས་འདི་གར་ཐད་གཏོང་བྱེད་པ་དང་བརྙན་ཐུང་པར་ལེན་བྱས་ནས་མངའ་རིས་ཀྱི་མཛེས་ལྗོངས་མི་དེ་བས་མང་བས་མཐོང་ཐུབ་པར་བྱེད་ཀྱི་ཡོད། ང་ཚོའི་མགྲོན་ཁང་ཆུང་ཆུང་དེར་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་འདུག ཡུལ་སྐོར་བ་མང་བའི་དུས་སུ་ཉལ་ཁྲི་འདང་གི་མེད། ན་ནིང་ཡོང་འབབ་སྒོར་ཁྲི་30རག་བྱུང”ཞེས་མྱོང་ཚོར་ཟབ་མོས་བཤད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན། ཆུ་དང་། གློག ལམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཆེན་པོ་ཕྱིན་ཞིང་། མིག་སྔའི་བར་བོད་ཀྱི་གློག་དྲ་གཙོ་བོ་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་ཁྱབ་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་པ། སྲིད་འཛིན་གྲོང་ཚོ་ཚང་མར་འོད་སྐུད་དང་4Gདྲ་རྒྱ་ཤར་གཏོང་ཐུབ་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཡང་ཆུ་ཟོམ་ནས་ཆུ་ཀ་ལ་བར་དང་། སྣུམ་སྒྲོན་ནས་གློག་སྒྲོན་བར། ས་རྡོའི་ལམ་ནས་སྣུམ་ནག་ལམ་བར། སྦྲ་གུར་ནས་ཐོག་ཁང་བར་བཅས་ཀྱི་འཕོ་འགྱུར་བྱུང་སྟེ “ཆུ་འཐུང་དཀའ་བ་དང་། གློག་སྤྱོད་དཀའ་བ། འགྲོ་སྐྱོད་དཀའ་བ། འཕྲིན་གཏོང་དཀའ་བ”བཅས་ཀྱི་ལོ་རྒྱུས་མཇུག་འགྲིལ་ནས་སྐྱིད་སྣང་དོད་ལ་སྟབས་བདེ་བའི་དེང་རབས་ཅན་གྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།