དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2024ལོར་ཚན་རྩལ་གསར་གཏོད་ཀྱིས་བོད་ཀྱི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་42%བར་མཐོ་རུ་ཕྱིན་པ།

    གངས་ལྗོངས་ས་མཐོ་མཛེས། གསར་གཏོད་ཞིང་ས་ཡངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཤན་ཀན།   |     སྤེལ་དུས།  2025-09-09

    འདི་ནི་འབྲི་ཆུའི་སྟོད་རྒྱུད་དུ་ཆགས་པའི་འབའ་ཐང་ཆུ་ཤུགས་གློག་ཁང་ཡིན་པ།

    འདི་ནི་ཅང་ལི་ལི(གཡས)ཡིས་ཞིང་པར་ཉུང་མ་བསྡུ་སྟངས་སློབ་བཞིན་པ།

    ལྷ་ས་ནས་རླངས་འཁོར་བསྡད་དེ་ཆུ་ཚོད་གསུམ་ཙམ་སོང་ན་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་མངའ་ཁོངས་སུ་གནས་པའི་ཧྭ་ནུས་རྫམ་ཆུ་ཤུགས་གློག་ཁང་དུ་སླེབས་ཀྱི་ཡོད།

    “འདི་ནི་ཡར་ཀླུང་གཙང་པོའི་ཆུ་གཞུང་གི་ཆུ་ཤུགས་གློག་ཁང་དང་པོ་ཡིན་ལ། བོད་ལྗོངས་གློག་དྲའི་གློག་ཁང་ཆེ་གྲས་དང་པོ་ཡང་ཡིན”ཞེས་ཧྭ་ནུས་རྫམ་ཆུ་ཤུགས་གློག་ཁང་གི་ཁྲང་ཀྲང་ཏུའུ་ཁྲུན་ཀྲུང་གིས་བཤད། དེ་སྔ་བོད་ལ་གློག་དཀོན་པ་དང་ལྷག་པར་དུ་དགུན་ཁར་བོད་དབུས་རྒྱུད་ཀྱི་གློག་དྲར་སྐབས་འགར་ཁྲའེ་ཡིའུ་སྣུམ་གྱི་གློག་ཁང་གིས་འཚོ་བའི་གློག་སྤྱོད་འགན་ལེན་བྱེད་དགོས་པས། ཚན་པ་ཁག་གཅིག་གིས་ད་དུང་ཁྲའེ་ཡིའུ་སྣུམ་གྱི་གློག་འདོན་འཕྲུལ་འཁོར་སྤྱོད་པ་དང་འབྲོག་པ་ཁག་གཅིག་གིས་ལྕི་བ་བསྲེགས་ནས་དྲོད་ཁུག་ཐབས་བྱེད་ཀྱི་ཡོད། ལོ་10ལྷག་ཙམ་རིང་ཆུ་ཤུགས་གློག་ཁང་དེ་བདེ་འཇགས་དང་བརྟན་པོའི་ངང་འཁོར་རྒྱུག་བྱས་ནས་དུས་ཚིགས་རང་བཞིན་གྱི་གློག་དཀོན་པའི་བོད་ཀྱི་གློག་དྲར་གློག་ཤུགས་བརྟན་པོ་མཁོ་འདོན་བྱས་ཏེ་བོད་ཀྱི་གློག་སྤྱོད་བཀོད་པར་རིམ་བཞིན་འགྱུར་ལྡོག་བྱུང་ཡོད།

    བོད་ཀྱི་གློག་མཁོ་འདོན་བློས་ཁེལ་ཚད་99.6%ཟིན་པ་དང་། ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་བཅུ་ཆ་དགུ་ལས་བརྒལ་ནས་ནུས་རྒྱུ་གཙང་མའི་གློག་ཤུགས་མཁོ་འདོན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ། 2024ལོར་སྤྱི་ཚོགས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་154.17ཟིན་པ་དེ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཐོག་མའི་དུས་ཀྱི་ལྡབ་600ཙམ་ཡིན་པ་ལ་སོགས་གྲངས་ཀ་དེ་དག་ལས་མངོན་པའི་གྲུབ་འབྲས་ནི་ཚན་རྩལ་གྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད།

    ཚོད་ལྟ་ཁང་བསྐྲུན་ནས་མཉམ་དུ་འགག་སྒྲོལ་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྤུས་འབྲས་ལེཌ་གཉེར་ལ་སྐུལ་འདེད་བཏང་བ།

    ལྷ་སའི་གཙང་འགྲམ་དུ་ཞོགས་པའི་སྨུག་ཞག་འཁྲིགས་པ་དང་ཆུ་ཤུར་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་ཉུང་མའི་ཐོན་འབབ་ལེགས་པོ་བྱུང་བའི་དགའ་སྤྲོའི་དཔལ་ལ་རོལ་བཞིན་མཆིས། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཅང་ལི་ལིས་ལག་གཉིས་ཀྱིས་ཞེང་ཚད་ལ་ལི་སྨི་30ཙམ་ཡོད་པའི་ཉུང་མ་ཞིག་བཟུང་སྟེ། དགའ་ཚོར་ཆེན་པོས“འདི་འདྲའི་ཆེ་བ་ལ། དངོས་གནས་བསམ་ཡུལ་ལས་འདས་སོང”ཞེས་བཤད།

    2018ལོ་ནས་བཟུང་བོད་ཀྱི་ཚན་རྩལ་སྡེ་ཚན་གྱི་རྒྱབ་སྐྱོར་འོག ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡིས་ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་དང་ལྷ་ས་གྲོང་ཁྱེར་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་དང་མཉམ་དུ་ཚན་རིག་ཞིབ་འཇུག་ཚོགས་པ་བཙུགས་ནས་ལོ་བདུན་རིང་སྔ་སྨིན་དང་ཕྱི་སྨིན་གྱི་ཉུང་མ་འདེམས་གསོ་བྱས་པ་རེད། “ཉིན་60ནས་ཉིན་110བར་ཁག་དབྱེ་ནས་བསྡུ་ལེན་བྱེད་ཆོག་པས། ཏག་ཏག་བོད་ཀྱི་སྐྱེ་འཚར་གྱི་དུས་ཐུང་དེ་ཁག་གཉིས་སུ་དབྱེ་ནས་བསྡུ་ཆོག”ཅེས་ཅང་ལི་ལིས་བཤད།

    རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་གྲས་ཤིག་ཡིན་པའི་བོད་ཀྱི་རང་བྱུང་རྩྭ་སའི་རྩྭའི་ཐོན་འབོར་བལྟོས་བཅས་ཀྱིས་ཉུང་བ་དང་སྤྲི་དཀར་མང་བའི་སྲན་རིགས་ཀྱི་རྩྭ་དེ་བས་ཀྱང་དཀོན་པོ་ཡོད། དེར་བརྟེན་ཚོགས་པས་ས་མཐོར་སྐྱེས་པའི་ཉུང་མར་དམིགས་བསལ་ཐོག་དོ་སྣང་བྱུང་ཡོད། “ང་ཚོས་རྒྱུད་གྲུབ་རིག་པའི་གོ་རིམ་ལ་ཚད་ལེན་བྱས་པ་བརྒྱུད། ཉུང་མའི་གྲང་འགོག་རྒྱུད་གྲུབ་གནད་ལ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱས་པ་དང་། དེ་ནས་གྲང་འགོག་གི་ཚོད་ལྟ་མང་པོ་བྱས་པ་བརྒྱུད། དུས་ཡུན་ཐུང་ངུ་དང་དྲོད་ཚད་དམའ་པོའི་འོག་རྒྱུན་གཏན་བཞིན་ཆེན་པོ་ཆགས་ཐུབ་པའི་སྣ་ཁ་གདམ་གསེས་བྱས་པ་ཡིན” ཚོགས་པས་ཉིང་ཁྲི་དང་། ལྷ་ས། གཞིས་རྩེ། མངའ་རིས། ནག་ཆུ་སོགས་སུ་ཚོད་ལྟ་བྱས་པར་མིག་སྔར་མུའུ་རེའི་ཐོན་འབབ་དང་ལྗིད་ཚད་རྒྱ་མ་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད། ཚོགས་པས་ད་དུང《བོད་ཀྱི་ཉུང་མའི་ནུས་ཆེའི་འདེབས་འཛུགས་ལག་དེབ》རྩོམ་སྒྲིག་བྱས་ཏེ་མང་ཚོགས་ལ་ཐོན་འབབ་མཐོ་བའི་ཉུང་མ་འདེབས་འཛུགས་ལག་རྩལ་ཁྱབ་གདལ་གཏོང་རྩིས་ཡོད་པ་རེད།

    རི་ཀླུང་ཀུན་ཏུ་སྟར་སྡོང་གིས་ཁེངས་པ་ནི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་ཁྱད་ཆོས་ཆེན་པོ་ཞིག་ཡིན། དུས་ཡུན་རིང་པོའི་ནང་ཚན་རིག་དང་མཐུན་པའི་དོ་དམ་དང་ལས་སྣོན་ཞིབ་ཚགས་ཀྱི་ལག་རྩལ་མེད་པའི་དབང་གིས་ས་གནས་དེ་གའི་སྟར་ཁའི་ཐོན་ལས་དེ་ཐོག་མཐའ་བར་གསུམ་དུ་ཁ་ཐོར་གྱི་འཕེལ་རྒྱས་ཀྱི་རྣམ་པར་ལུས་པས་དཔལ་འབྱོར་གྱི་རིན་ཐང་འདོན་སྤེལ་གང་ལེགས་ཐུབ་ཀྱི་མེད།

    2021ལོའི་ཟླ་7པར་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། རྒྱ་ཚ་རྫོང་དང་འབྲི་ཆུའི་སློབ་ཆེན་གཉིས་ཀྱིས་དེ་གར་མཉམ་ལས་བྱས་ནས་བོད་ལྗོངས་ས་མཐོའི་སྟར་ཁའི་ཐོན་ལས་ཞིབ་འཇུག་ཁང་བཙུགས་ཏེ་འབྲེལ་ཡོད་ཐོན་ལས་རིམ་སྤོར་ལ་གསོན་ཤུགས་ཆེན་པོ་བསྣན་ཡོད། འབྲི་ཆུའི་སློབ་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ཞུས་ཞའོ་ཧུང་གིས“ང་ཚོས་རྒྱ་ཚ་རྫོང་གི་གནའ་བོའི་སྟར་སྡོང་3657ལ་བྱང་བུ་བཀལ་ནས་སྲུང་སྐྱོང་དང་ཆ་འཕྲིན་བཀོད་པ་ཡིན། ལག་རྩལ་གྱི་འགག་སྒྲོལ་བརྒྱུད། ང་ཚོས་སྟར་སྡོང་ལ་དབྱར་དུས་ཀྱི་སྦྱར་ག་སྤྲད་ནས་གསོན་ཚད་90%ཡན་བར་མཐོ་རུ་བཏང་བ་ཡིན”ཞེས་བཤད།

    མིག་སྔར་རྒྱ་ཚ་རྫོང་དུ་སྟར་ཁ་འདེབས་འཛུགས་ཀྱི་གཞི་ཁྱོན་མུའུ་ཁྲི་4.5དང་སྡོང་རྐང་ཁྲི་52ལྷག་ཙམ་ཟིན་ཏེ་ལོ་རེའི་ཐོན་འབབ་ཏུན་1200ལྷག་ཙམ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་8000ལྷག་ཙམ་ཟིན་ནས། ས་གནས་དེ་གའི་ཞིང་དུད་ཀྱི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་5000ཙམ་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། དེ་སྔའི་རི་ཁུག་གི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དག་ད་ཆ་སྟར་སྣུམ་དང་སྟར་ཁའི་ཐིད་སོགས་ཀྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་པ་བརྒྱུད། རིན་ཐང་ཆེས་ཆེར་འཕར་ཡོད།

    ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་བརྟན་དུ་ཕྱིན་པ་དང་ས་མཐོའི་ཁྱད་ལྡན་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་པ།

    “ལོ་དྲུག་རིང་ཚན་ཞིབ་འགག་སྒྲོལ་བྱས་པ་བརྒྱུད། ང་ཚོས་གཞི་ནས་ཨུཏྤལ་སྔོན་པོའི་རྩ་སྤོས་ཀྱི་དཀའ་གནད་སེལ་ཐུབ་བྱུང”ཞེས་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིའི“ཨུཏྤལ་སྔོན་པོའི་ཆེད་དོན་ཚོགས་ཆུང”གི་འགན་འཁུར་བ་སྐལ་བཟང་ནོར་བུས་མྱུག་གསོ་ཁང་གི་མྱུ་གུར་མཛུབ་མོ་བཙུགས་ནས་དེ་ལྟར་བཤད།

    ཨུཏྤལ་སྔོན་པོ་མི་ཐབས་གསོ་སྤེལ་བྱས་པ་ལས་སྟོངས་ཉེར་ཡོད་པའི་རྩི་ཤིང་འདི་སྐྱེ་འཚར་ཐུབ་པའི་ཐབས་ལམ་རྙེད་ཡོད། “ས་བོན་དྲོད་དམན་ཐག་གཅོད་དང་རྩི་ཤིང་གི་སྐུལ་རྩི་སྐུལ་སྤེལ་སོགས་བྱེད་ཐབས་ཀྱིས་ས་བོན་གྱི་མྱུ་གུ་འབུས་མ་ཐུབ་པའི་དཀའ་གནད་ནུས་ལྡན་ངང་སེལ་ཐུབ། ང་ཚོས་མུ་མཐུད་ལྟ་སྡོམ་དང་ཚན་རིག་དང་མཐུན་པའི་སྐྱེད་སྲིང་བྱས་པ་བརྒྱུད། ཨུཏྤལ་སྔོན་པོ་རང་ཤུགས་སུ་གསོ་སྤེལ་ཐུབ་ཚད་དམའ་བའི་དཀའ་གནད་ནུས་ལྡན་ངང་ཐག་གཅོད་བྱུང་ཡོད” སྐལ་བཟང་ནོར་བུས་ཨུཏྤལ་སྔོན་པོའི་མྱུ་གུ་གསོན་ཚད་5%ཡང་མ་ཟིན་པ་ནས་50%ཡན་དུ་ཇེ་མཐོར་སོང་བས་རི་སྐྱེས་ཨུཏྤལ་སྔོན་པོའི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་ཐུབ་པ་མ་ཟད། ད་དུང་སྨན་རྒྱུའི་ཐོན་ལས་ཅན་གྱི་གསོ་སྤེལ་ལའང་སྐུལ་འདེད་བཏང་ཡོད། མིག་སྔར་བདུད་རྩི་ཚོགས་པའི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་གྱིས་ཁེ་ལས་ཀྱི་ལོ་རེའི་ཡོང་འབབ་ཀྱི་4%བཟུང་བ་དང་རང་སྐྱོང་ལྗོངས་བོད་སྨན་དེང་རབས་ཅན་ལག་རྩལ་གསར་གཏོད་ལྟེ་གནས་ཀྱང་དེ་གར་གཞིས་ཆགས་ཡོད་ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་ས་མཐོའི་གསོ་རླུང་བཟོ་བ་དང་། དྲོད་གཏོང་། ཆུ་གཙང་བཅས་ཀྱི་ཁྱབ་ཁོངས་སུ་ལས་དོན་གཏིང་ཟབ་སྤེལ་ཞིང་། རིམ་རྩིས་བརྒྱབ་ན་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་མང་པོ་ཐོབ་ཡོད། ཁེ་ལས་ཀྱི་རིག་ནུས་ཐོན་སྐྱེད་འཁོར་ཁང་གི་འཆར་ཤེལ་ཐོག་འཁོར་རྒྱུག་གྲངས་གཞི་དུས་ཐོག་ཏུ་མངོན་བཞིན་མཆིས། 2022ལོར་རང་འགུལ་སྣེ་ཁྲིད་སྐྱེལ་འདྲེན་རླངས་འཁོར(AGV)ནང་འདྲེན་བྱས་པས་ཐོན་སྐྱེད་ལས་ཆོད་ཆེ་རུ་ཤུགས་ཆེན་ཕྱིན་པ་དང་ཀུང་སིས་ལོ་རེར་ས་མཐོའི་ཆེད་སྤྱོད་སྒྲིག་ཆས་ཁྲི་5ལྷག་ཙམ་ཐོན་སྐྱེད་བྱས་པར་ལོ་རེར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་5000ཡན་ཟིན་ཏེ་ས་གནས་དེ་གའི་སློབ་གྲྭ་ཆེ་མོ་བ་100ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། ཆིང་ཅང་གློག་ཆས་ཀྱི་འགན་འཁུར་བ་ལུའོ་ཧྥེང་མེ་ཡིས“ང་ཚོས་ལག་རྩལ་སློབ་པ་དང་རྣམ་གྲངས་མཁོ་འདོན་བྱས་པ་ཟད། ད་དུང་ས་མཐོར་རང་བརྟེན་གསར་གཏོད་ཀྱི་ས་བོན་ཡང་བཏབ་ཡོད”ཅེས་བཤད།

    ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་བོད་ཀྱིས་ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རོགས་བྱས་ཡོད། 2024ལོར་བོད་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་18.3%འཕར་ཡོད་པ་རེད།

    ཚན་རྩལ་གྱིས་དམངས་འཚོ་ལེགས་གཏོང་ལ་རམ་འདེགས་བྱས་ནས་ས་མཐོའི་མི་དམངས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པར་བྱས་པ།

    བོད་དུ་ཚན་རྩལ་གསར་གཏོད་དེ་ཐོན་སྐྱེད་དང་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་ནས་དམངས་འཚོ་ལེགས་གཏོང་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་དབུགས་རྡིག་དང་། ས་མཐོའི་རླངས་སྒམ། ས་མཐོའི་ཆུ་སྐོལ་ཆས་སོགས་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད།

    “ས་མཐོར་ཆུ་འཁོལ་ཚད་དམའ་བ་དང་སྲོལ་རྒྱུན་གྱི་ཆུ་སྐོལ་སྟངས་སྤྱད་ན་ཆུའི་དྲོད་ཚད་ཀྱིས་འབུ་ཕྲ་གསོད་མི་ཐུབ་པའི་ཁར་ཟས་རིགས་ཀྱང་འཚོས་ཁག་པོ་ཡོད”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལེ་ཧན་ཏན་ཀང་གིས་རིག་ནུས་ཇ་སྲུའི་འཕྲུལ་ཆས་ཤིག་འཁྱེར་བཞིན་དེ་ལྟར་བཤད། 2022ལོར་སློབ་གླིང་དང་ཁེ་ལས་མང་པོ་ཞིག་གིས་མཉམ་དུ་དཀའ་གནད་འགག་སྒྲོལ་བྱས་ཏེ་ས་མཐོའི་མཐོ་གནོན་འཁོལ་ཚད་ཀྱི་ལྟེ་བའི་ཚོད་འཛིན་ལག་རྩལ་ཚད་བརྒལ་བྱས་པས་རིགས་ཆེན་པོ་བདུན་གྱི་ས་མཐོའི་ཆེད་སྤྱོད་ཐོན་རྫས་སྣ་ཁ་30ལྷག་ཙམ་གསར་སྤེལ་བྱས་པར་སྣ་ཁ་18ལ་རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་རག་ཡོད།

    ཧན་ཏན་ཀང་གིས“ང་ཚོས་མགྱོགས་མྱུར་རླངས་འབུད་དང་། རླངས་འབུད་ཕྱིར་ལུས་འགོག་པ། རྒྱུན་མཐུད་སྙོམ་སྒྲིག ཁ་གཅོད་སྙོམ་སྒྲིག་སོགས་ཁག་མང་པོའི་ལག་རྩལ་གསར་གཏོད་བྱས་པས་ཐོན་རྫས་སྤྱི་ཡོངས་ཀྱི་ལག་རྩལ་དང་ས་མཐོར་འཕྲོད་ཚད་རྒྱལ་ཁབ་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། རྒྱལ་ཁབ་ཀྱི་ཁ་གསབ་དང་ཁེ་ལས་ཀྱི་ཁེ་བཤུག་ལས་ཞིང་འབྲོག་མང་ཚོགས་ཚོས་སྒོར་200ལྷག་ཙམ་སྤྲད་ཚེ་ཚན་རྩལ་མཐོ་བའི་ཐོན་རྫས་དེ་རིགས་སྤྱོད་ཐུབ་ཀྱི་ཡོད”ཅེས་བཤད།

    མཚོ་སྣ་གྲོང་ཁྱེར་གྱི་ཐག་རིང་ས་ཁུལ་ཁག་གཅིག་གི་ས་དབྱིབས་རྙོག་འཛིང་ཆེ་བ་དང་འགྲིམ་འགྲུལ་སྟབས་བདེ་པོ་མེད་པས་དུས་ཡུན་རིང་པོར་དངོས་ཟོག་སྐྱེལ་འདྲེན་གྱི་དཀའ་གནད་འཕྲད་ཡོད། ད་ཆ་བོད་ལྗོངས་ཁྲོང་པོ་ཐུང་ཧང་ཚན་རྩལ་ཚད་ཡོད་ཀུང་སིའི་མི་མེད་གནམ་གྲུས་སྡེབ་སྐྱེལ་ལས་འགན་ཁུར་ནས་གཟའ་འཁོར་རེར་ཕར་འགྲོ་ཚུར་འོང་ཐེངས་མང་བྱས་ཏེ་སྨན་རྫས་དང་ཉིན་མཁོའི་དངོས་རྫས་སོགས་གནད་ལ་འཁེལ་བའི་སྒོ་ནས་སྐྱེལ་གྱི་ཡོད་པས་ས་གནས་དེ་གའི་མང་ཚོགས་ལ་མཁོ་ཆས་དུས་ཐོག་ཏུ་འབྱོར་བ་མ་ཟད། ཟོག་འགྲེམས་ཀྱི་ལས་ཕྱོད་60%ལྷག་ཙམ་ཆེ་རུ་ཕྱིན་ནས་ས་གནས་དེ་གའི་མང་ཚོགས་2000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    ཀུང་སི་དེའི་མི་མེད་གནམ་གྲུ་27ལས“འཕྲུལ་གཅིག་སྤྱོད་མང”མངོན་འགྱུར་ཐུབ་ཡོད། ཕྱོགས་གཅིག་ནས་ས་ཞིང་མུའུ་5000ཙམ་ལ་མི་མེད་གནམ་གྲུ་བཏང་ནས་ཞིང་སྨན་ས་བོན་སོགས་གཏོར་ཏེ་ས་གནས་དེ་གའི་ཞིང་པ་800ལྷག་ཙམ་གྱི་ཐོན་སྐྱེད་ལས་ཆོད་ཆེ་རུ་གཏོང་རོགས་བྱས་པས། ས་ཞིང་མུའུ་རེར་མི་ཤུགས་མ་གནས་སྒོར་30ཙམ་གྲོན་ཆུང་ཐུབ་སྟེ་འབྲུ་རིགས་ཐོན་འབབ་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་སྔོ་འགྱུར་ས་ཁོངས་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་སྔོ་ཁེབས་སྐྱེ་འཚར་ཡག་པོ་མ་བྱུང་བ་དང་ནད་འབུའི་གནོད་འཚེ་དང་དེ་བཞིན་མེ་སྐྱོན་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ནས་ས་མཐོའི་སྐྱེ་ཁམས་སྔོ་འགྱུར་གྱི་གྲུབ་འབྲས་རྒྱུན་སྐྱོང་བཞིན་ཡོད།

    ཚན་རྩལ་གྱིས་འདེགས་སྐྱོར་བྱས་པས་ས་མཐོའི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ཞིང་། གྲངས་གཞི་ལས་མངོན་པར། 2024ལོར་ཚན་རྩལ་གསར་གཏོད་ཀྱིས་བོད་ཀྱི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་42%བར་མཐོ་རུ་ཕྱིན་ནས་ས་མཐོའི་འཕེལ་རྒྱས་དེ་གསར་གཏོད་སྐུལ་སྤེལ་གྱི་དུས་རིམ་གསར་པར་སླེབས་ཡོད། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་། ཚན་སློབ་བོད་དར་འཐབ་ཇུས། ཤེས་ལྡན་པའི་ལྗོངས་སྟོབས་ཆེན་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ་མཚོ་བོད་ས་མཐོའི་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་སྐྲུན་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསར་གཏོད་ཀྱི་སྒུལ་ནུས་བསྣན་པ་དང་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།