དངོས་མཚོན་གློག་བརྙན《ལི་སི་པེན་དབན་རྟགས་ཅན་གྱི་གྲུ་དིམ་པ》ནེའུ་ཙི་ལན་དུ་བསྟན་པ།
ཤིན་ཧྭ་གསར་འགྱུར་ཁང་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཨའོ་ཁེ་ལན་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཆེ་ཤོས་ཨའོ་ཁེ་ལན་དུ་དངོས་མཚོན་གློག་བརྙན《ལི་སི་པེན་དབན་རྟགས་ཅན་གྱི་གྲུ་དིམ་པ》བསྟན་ཏེ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུས་པ་རེད།
ཨའོ་ཁེ་ལན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁྲེན་ཧྲི་ཅེ་ཡིས་གཏམ་བཤད་བྱེད་སྐབས། 《ལི་སི་པེན་དབན་རྟགས་ཅན་གྱི་གྲུ་དིམ་པ》ཞེས་པར་བརྗོད་པའི་ལོ་རྒྱུས་གཏམ་རྒྱུད་ནི་ཀྲུང་གོ་མི་དམངས་ཀྱི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ཇི་མ་ཇི་བཞིན་དུ་མཚོན་པར་བྱས་པ་ཞིག་རེད་ལ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་བཙན་འཛུལ་ལ་མཉམ་དུ་འགོག་རྒོལ་བྱས་པའི་དཔེ་མཚོན་མངོན་གསལ་དོད་པོ་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།
ཁྲེན་ཧྲི་ཅེ་ཡིས་གཏམ་བཤད་བྱེད་སྐབས་ད་དུང་ལུའུ་དབྱི·ཨའེ་ལི་དང་ཧོ་མིང་ཆིང་སོགས་ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱ་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་མཁན་ནེའུ་ཙི་ལན་གྱི་གྲོགས་པོ་རྣམས་ཕྱིར་དྲན་བྱས་ཤིང་། ཁོང་གིས་ལོ་རྒྱུས་ལ་དྲན་གསོ་ཞུ་བ་ནི་འདས་ཟིན་པར་དྲན་གསོ་ཞུ་བའི་ཆེད་དུ་རེད་ལ། དེའི་ཁྲོད་ནས་མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པའི་ཆེད་དུ་དེ་བས་ཀྱང་རེད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་སྔར་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
ད་ཐེངས་ཀྱི་དམིགས་བསལ་གྱི་གློག་བརྙན་སྟོན་པའི་བྱེད་སྒོ་དེ་ཨའོ་ཁེ་ལན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་དང་རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།