ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འཆམ་མཐུན་རྩ་བར་བཟུང་ནས་ཐུན་མོང་ཐོག་འཛམ་གླིང་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།
—ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པ།
ཟླ་9ཚེས་3ཉིན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས་བརྗོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་འཛམ་གླིང་གི་དོན་སྙིང་གལ་ཆེན་ལ་འཆད་འགྲེལ་གཏིང་ཟབ་གནང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པའི་དེང་རབས་ཅན་ཞིག་ཡིན་པ་དང་། ཀྲུང་གོ་ནི་ནམ་ཡང་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་དང་། བརྟན་ལྷིང་གི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་ཡིན་ཞེས་ནན་བཤད་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་རྒྱལ་ཁབ་ཁག་ལ་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འཆམ་མཐུན་རྩ་བར་བཟུང་ནས་ཐུན་མོང་ཐོག་འཛམ་གླིང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པར་ཁ་ཕྱོགས་གསལ་པོ་སྟོན་གནང་ཡོད།
“འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་མཐའ་མའི་རྒྱལ་ཁ་ཐོབ་པར་སུབ་ཐབས་མེད་པའི་ལེགས་སྐྱེས་རླབས་པོ་ཆེ་ཕུལ་ཡོད”
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་དོན། ལོ་ངོ་80ཡི་གོང་དུ་ཀྲུང་གོ་མི་དམངས་ཀྱིས་ཁྲག་བཏོན་དམར་འཛིང་ལོ་14བྱས་ནས། རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་རྦད་དེ་ཕམ་ཉེས་བཏང་སྟེ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཡོངས་སུ་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་ཉམས་ཉེན་ཚབས་ཆེན་གྱི་གནས་སུ་གྱར་བ་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་ཤིག་ཡིན་ལ། འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཀྱང་ཡིན།
ཨུ་རུ་སུའི་ཨེ་ཞི་ས་ཁུལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཤེར་ཀའེ·སཱ་ནཱ་ཁོ་ཡེ་ཧྥུའུ་ཡིས“ཀྲུང་གོ་མི་དམངས་ཀྱིས་བློས་གཏོང་ཆེན་པོ་བྱས་ནས་རི་པིན་བཙན་འཛུལ་པ་ཕམ་ཉེས་བཏང་སྟེ་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་མཐའ་མའི་རྒྱལ་ཁ་ཐོབ་པར་སུབ་ཐབས་མེད་པའི་ལེགས་སྐྱེས་རླབས་པོ་ཆེ་ཕུལ་ཡོད། ལོ་རྒྱུས་ཀྱི་མཛད་རྗེས་འདི་དུས་ནམ་ཡང་འཛམ་གླིང་མི་དམངས་ཀྱིས་བློ་ལ་བརྟན་པོར་ངེས་དགོས”ཞེས་བརྗོད་པ་དང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལས་འཛམ་གླིང་ལ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དོན་སྙིང་རླབས་པོ་ཆེ་མངོན་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་བར་གཞོལ་བའི་ཀྲུང་གོའི་ཆོད་སེམས་བརྟན་པོ་ཁྱབ་བསྒྲགས་ཀྱང་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད།
པར་ཙིར་ཧྥུའུ་ལུའུ་སྨི་ནན་སའེ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་རྒྱལ་སྤྱིའི་གནད་དོན་རིགས་གཅིག་མཁས་ཅན་ཨེ་དབན་ཏེ་ལོ·ཁཱ་ཝ་ལེ་ཡིས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ནི་ཀྲུང་གོ་མི་དམངས་ལ་ཐོབ་པའི་རྒྱལ་ཁ་ཞིག་ཡིན་ལ། མིའི་རིགས་ཡོངས་ལ་ཐོབ་པའི་རྒྱལ་ཁ་ཞིག་ཀྱང་ཡིན། ཀྲུང་གོ་མི་དམངས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་མནའ་མཐུན་རྒྱལ་ཁབ་དང་དེ་བཞིན་རྒྱལ་ཁབ་ཁག་གི་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་ཏེ། ཁྲག་དྲོན་དང་རང་སྲོག་བློས་གཏོང་ལ་བརྟེན་ནས་ཞི་བདེ་ཡོང་བར་བྱས་ཡོད་ཅེས་བརྗོད།
“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བྱ་གཞག་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་རྒྱུ་རེད”
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་དོན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཡུལ་གྲུ་ཀུན་ཏུ་སྤྱོད་བཟང་གཞུང་དྲང་ཁྱབ་པར་བྱེད་དགོས།
ཁཱ་ཝ་ལེ་ཡིས། ཀྲུང་གོས་དྲན་གསོའི་བྱེད་སྒོ་གཟབ་རྒྱས་འཚོགས་དོན་ནི་ལོ་རྒྱུས་ལ་ཕྱིར་དྲན་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་ཆེད་ཡིན་ལ། འབྱུང་འགྱུར་ལ་བློ་སྒོ་འབྱེད་ཆེད་དེ་བས་ཡིན། “རྒྱལ་སྤྱིའི་དུས་བབ་སྣེ་མང་རྙོག་འཛིང་ཆེ་བ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཐོན་པའི་དེང་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་རྒྱུས་མེ་ལོང་དུ་བཟུང་ནས་ཞི་བདེ་དང་། མཉམ་ལས། གཉིས་ཁེ་བཅས་ཀྱི་འདུ་ཤེས་དེ་བས་བརྟན་པོ་སྲུང་དགོས”ཞེས་བརྗོད།
ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་སློབ་ཆེན་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་ཁོའོ་ཧྥེ·ཁུའུ་ཨ་ཁུའུ་ཡིས“མིག་སྔར། ས་འབྲེལ་འགྲན་རྩོད་ཛ་དྲག་ཏུ་ཕྱིན་པ་དང་ཕྱོགས་རྐྱང་རིང་ལུགས་ཐོན་བཞིན་ཡོད་པས། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་རྒྱུ་མཐའ་འཁྱོངས་དང་། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བརྟན་པོ་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་བཞིན་པ་དེས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བྱ་གཞག་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་རྒྱུ་རེད”ཅེས་བརྗོད།
“གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པའི་དེང་རབས་ཅན་ཞིག་ཡིན་པ་དང་། ཀྲུང་གོ་ནི་ནམ་ཡང་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་དང་། བརྟན་ལྷིང་གི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་ཡིན། ང་ཚོས་རྒྱལ་ཁབ་ཁག་ཚང་མས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འཆམ་མཐུན་རྩ་བར་བཟུང་ནས། ཐུན་མོང་ཐོག་འཛམ་གླིང་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་རེ་བ་བྱེད་ཀྱི་ཡོད།
ནེ་པ་ལའི་ནེ་ཀྲུང་མཛའ་གྲོགས་གླེང་སྟེགས་ཀྱི་ཀྲུའུ་ཞི་ཀའོ་ལེང་གིས“ཀྲུའུ་ཞི་ཞི་ཅིན་ཕིང་གིས‘འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས’ཞེས་ནན་བཤད་གནང་བ་དེར་ང་རང་ལ་མྱོང་ཚོར་ཟབ་མོ་བྱུང་། ད་ཆ། འཛམ་གླིང་གི་ས་ཁུལ་མི་ཉུང་བ་ཞིག་ལ་སྐབས་འགར་གདོང་ཐུག་འབྱུང་བཞིན་ཡོད་པ་དང་། དམག་འཁྲུག་གི་ཟིང་ཆ་ཆེ་བའི་ས་ཁུལ་གྱི་མི་དམངས་ཀྱིས་སྡུག་བསྔལ་ཆེན་པོ་མྱོང་བཞིན་ཡོད་པས། ཁོང་ཚོས་སྤྱི་ཚོགས་བདེ་འཇགས་དང་ཞི་བདེ་དར་རྒྱས་ཡོང་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི་ཞི་བདེ་བདེ་འཇགས་ནི་མི་སེམས་གཏད་ཕྱོགས་རེད”ཅེས་བརྗོད།
རི་པིན་ཏི་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལུའུ་ཁོའུ་དབྱང་ཅེ་ཡིས། རྒྱལ་སྤྱིའི་དུས་བབ་ལྷིང་འཇགས་མེད་པའི་རྒྱབ་ལྗོངས་འོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས“འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས”ཞེས་ནན་བཤད་གནང་བ་ལས་འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཀྲུང་གོའི་འགན་སེམས་གང་ལེགས་མངོན་པ་དང་། ཤུགས་རྐྱེན་ཟབ་མོ་ལྡན་ཡོད། རི་པིན་དང་ཀྲུང་གོ་གཉིས་པོ་ནི་ཨེ་ཤེ་ཡའི་རྒྱལ་ཁབ་གལ་ཆེན་ཡིན་པས། རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ཞེས་བརྗོད།
རུ་ཝང་ཏའི་བསླབ་རྒན་སྨྱན་སྦྱོར་བ་ཅེ་ལར་ཏེ·མུའུ་པན་ཏཱ་ཡིས“ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཀྲུང་གོ་ཚང་མར་ཕྱི་རྒྱལ་གྱི་བཙན་འཛུལ་ཕོག་མྱོང་བ་དང་། ཚང་མས་དཔའ་ངར་ཆེར་སྐྱེད་ཀྱིས་འགོག་རྒོལ་བྱས་ཏེ་མི་རིགས་བཅིངས་འགྲོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་བླངས་ཡོད། ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཞི་བདེར་གཅེས་འཛིན་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”ཞེས་བརྗོད།
ཁཱ་ཝ་ལེ་ཡིས། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ལྷོ་ལྷོ་མཉམ་ལས་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པས། འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་དང་། བརྟན་ལྷིང་གི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་ཡིན། “ངས་རྒྱལ་ཁབ་ཚང་མས་ལོ་རྒྱུས་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱས་ཏེ། གླེང་མོལ་མཐའ་འཁྱོངས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། མཉམ་ལས་མཐའ་འཁྱོངས་བྱེད་པ་ལས་གདོང་གཏུག་མི་བྱེད་པའི་རེ་བ་བྱེད་ཀྱི་ཡོད། འདི་ལྟར་བྱས་ཚེ། མིའི་རིགས་ཀྱིས་གཞི་ནས་འཛམ་གླིང་གི་དེང་རབས་ཅན་གྱི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་དེ་བས་མཛེས་སྡུག་ལྡན་པ་དང་དེ་བས་ཞི་བདེའི་འབྱུང་འགྱུར་ཞིག་གཏོད་ཐུབ”ཅེས་བརྗོད་པ་རེད།
(འདི་ག་ཚགས་པར་ཁང་དུ་འབྱོར་བའི་ཕྱོགས་བསྡུས་གནས་ཚུལ)
འབྲེལ་ཡོད་གསར་འགྱུར།