སེ་འབྲུའི་མེ་ཏོག་དམར་མདངས་དེ་བས་རྒྱས།
—— རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་ཐེངས་35པའི་འགོ་ཚུགས་མཛད་སྒོའི་མཐོང་ཐོས།
ཟླ་9ཚེས་5ཉིན། ལྷ་ས་གསོལ་མགྲོན་ཁང་གི་བཀྲ་ཤིས་ཚོམས་ཆེན་ནང་དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་ཐེངས་35པའི་འགོ་ཚུགས་མཛད་སྒོ་འདི་གར་འཚོགས་ཤིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་ཞིང་འབྲོག་མང་ཚོགས་དང་། སློབ་མ། གྲ་བཙུན་གྱི་འཐུས་མི། དེ་བཞིན་འབྲེལ་ཡོད་ཁོངས་གཏོགས་ཚན་པའི་འཐུས་མི་བཅས་མི་300ལྷག་ཙམ་བྱེད་སྒོར་ཞུགས་ཡོད།
འགོ་ཚུགས་མཛད་སྒོའི་ཐོག་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། ཞབས་བྲོ《སྐལ་བཟང་དུས་ཀྱི་དགྱེས་གླུ》ཞེས་པས་གངས་ལྗོངས་ཀྱི་བུ་ཕྲུག་ཚོའི་སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པ་དང་། གླུ་གཞས《ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད》ཅེས་པས་སྙན་འཇེབས་ལྡན་པའི་འགྱུར་ཁུག་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་བ། གསར་རྩོམ་གྱི་དངོས་མཚོན་ཟློས་གར་ཐུང་གྲས་ཀྱིས་གསོན་ཉམས་ལྡན་པའི་བརྗོད་བྱ་བརྒྱུད་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མངོན་པར་བྱས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་དྲི་བ་དྲིས་ལན་གྱི་བྱེད་སྒོ་བཀོད་སྒྲིག་བྱས་པའི་ནང་། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་ཤེས་བྱ་ཚུད་ཡོད་ཅིང་། དེའི་ནང་ཞུགས་མཁན་ཚོས་དྲི་བར་ལན་ཧུར་ཐག་བརྒྱབ་པ་མ་ཟད། ལན་འགྲིག་མཁན་ཚོར་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བྱ་དགའ་ཡང་སྤྲད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་མི་རིགས་ལས་དོན་གྱི་གྲུབ་འབྲས་འགྲེམས་སྟོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་པར་ལེན་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་སྐབས་བདུན་པ་གཉེར་བ་རེད། གྲུབ་འབྲས་འགྲེམས་སྟོན་ཐོག་གསར་རྙིང་བསྡུར་བའི་པར་རིས་བརྒྱུད། རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དམངས་འཚོ་ལེགས་གཏོང་། རིག་གནས་རྒྱུན་འཛིན་སོགས་ཐད་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་གསོན་ཉམས་ལྡན་པའི་ངང་མངོན་པ་དང་། པར་ལེན་ཡིག་གཟུགས་འགྲེམས་སྟོན་གྱིས་བརྙན་ཤེལ་དང་པིར་སྨྱུག་བརྒྱུད་མི་རིགས་མཐུན་སྒྲིལ་གྱི་ངོ་མཚར་ཆེ་བའི་སྐད་ཅིག་མ་ཟིན་ཐོར་བཀོད་དེ་སེམས་མཐུན་ཕུགས་གཏོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བྲིས་ཡོད།
ད་ཐེངས་ཀྱི་བྱེད་སྒོ་ནི་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་ཆེད་དོན་ཚོགས་ཆུང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་དང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན། ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཉེར་འགན་འཁུར་བ་ཞིག་རེད། འབྲེལ་ཡོད་འགན་འཁུར་བས། འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བའི་འགོ་ཚུགས་མཛད་སྒོ་འཚོགས་པ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུཌ་གཏོད་ཏན་ཏིག་བྱེད་པ་དང“མི་རིགས་མཐུན་སྒྲིལ་རང་ཉིད་ནས་ལག་ལེན་བྱེད་པའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།