སེ་འབྲུའི་མེ་ཏོག་གངས་ལྗོངས་ས་མཐོར་བཞད། བློ་སེམས་གཅིག་སྒྲིལ་ཕུགས་འདུན་མཉམ་དུ་བཏོད།
——རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་དེད་བཏང་བའི་སྐོར་བཀོད་པ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་གྱི་ཨེན་ཕྲུག་ཚང་སྒོ་ར་ཆེ་མོའི་ནང་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་འགྲོ་འོང་རྒྱུན་མི་ཆད་པ་བྱེད་བཞིན་ཡོད།
ཨེན་ཕྲུག་ཚང་སྒོ་ར་ཆེ་མོའི་ནང་གི་གྲོང་པ་ཁྱིམ་མཚེས་ཕན་ཚུན་མཛའ་ཞིང་མཐུན་པ་ནི་རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།
ད་ཆ་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ(གྲོང་ཁྱེར)དུ་འཛུགས་གཏོད་བྱས་པ་དང་། རྫོང(ཆུས་དང་གྲོང་ཁྱེར)30རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ཆུས་དང་གྲོང་ཁྱེར)དུ་འཛུགས་གཏོད་བྱས་པ། ཚན་པ་54རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པའི་གྲས་སུ་ཚུད་པ། ཚན་པ་8ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིའི་མིང་བཏགས་ཡོད། མི་རིགས་ཁག་སེ་འབྲུའི་རྡོག་ལྟར་ཕན་ཚུན་དམ་པོར་སྦྲེལ་ནས་གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་གྱི་དུས་རབས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་མཉམ་དུ་རྩོམ་བཞིན་ཡོད།
བློ་སྒྲིལ་སེམས་སྐྱེད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལོ་ལྔ་རེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔྱད་འདེམས་དང་འོས་སྦྱོར་ཐེངས་གཅིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། མིག་སྔར་ལྗོངས་ཡོངས་སུ་མཉམ་སྡེབ་154དང་མི་སྒེར་204ལ་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་ནས་མཛའ་བརྩེ་དང་། ཡིད་རྟོན། གུས་བཀུར་བཅས་རུང་བའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་རེ་རེ་རྒྱུན་ཆད་མེད་པར་ཐོན་ཏེ་དཔེ་བཟང་ལ་སློབ་སྦྱོང་དང་དཔེ་བཟང་བརྩོན་ལེན་བྱེད་པའི་རྣམ་པ་གངས་ལྗོངས་ས་མཐོར་ཁྱབ་ཡོད།
རིག་གནས་མི་སེམས་ལ་ཟུག་པ་དང་སྐད་ཡིག་སྤེལ་རེས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ཐུན་མོང་ངོས་འཛིན་རྒྱུན་གཏན་གྱི་འཚོ་བར་མཉམ་འདྲེས་ཐུབ་པར་བྱས་ཡོད། བོད་ལྗོངས་རྟེན་མཛོད་ཁང་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་སོགས་ཀྱི་གནས་རྟགས་རང་བཞིན་གྱི་བྱེད་སྒོ་སྤེལ་ཡུལ་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ལོ་རྒྱུས་ལ་རྒྱུས་ལོན་དང་རིག་གནས་ངོས་འཛིན་ལ་ཤེས་རྟོགས་བྱེད་ཡུལ་དུ་གྱུར་ཡོད། ལྗོངས་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)74ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་རིག་གནས་ཐང་ཆེན་དང་རིག་གནས་སྤྱི་གླིང་ཕྱོགས་ཡོངས་ལ་ཁྱབ་ཅིང་། གསར་བརྗེའི་རིག་གནས་ཤུལ་བཞག་དང་གསར་བརྗེའི་གནའ་ཤུལ་དང་དེ་བཞིན་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཤུལ་བཞག་བཅས་138ལ་སྒོ་བྱང་བཀལ་ནས་རྡོ་རིང་བཙུགས་པ། ཁྱིམ་གྱི་སྒོ་འགྲམ་གྱི“རིག་གནས་བར་མཐོངས”ཀྱིས་མི་རིགས་མཐུན་སྒྲིལ་གྱི་ས་བོན་སྐྱོང་བཞིན་ཡོད།
རང་ལྗོངས་ཀྱིས་མི་རིགས་ས་ཁུལ་དུ་སྔོན་ལ་སློབ་གྲྭ་འབྲིང་ཆུང་གི་རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་བསླབ་གཞི་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་པར་གཞིའི་བསླབ་གཞི་ཕྱོགས་ཡོངས་ལ་ཁྱབ་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་དང་གཏམ་བཤད་འགྲན་བསྡུར་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ཅིང་། ད་ཆ་ལྗོངས་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་ཐུབ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་མཉམ་པས་སྐད་ཡིག་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་པ་སྔར་བས་ཐག་ཉེ་རུ་བཏང་ཡོད།
མཉམ་འདྲེས་མཉམ་སྐུལ་ལས་མི་རིགས་མཐུན་སྒྲིལ་གྱི་གསོན་ཤུགས་ཆེན་པོ་འཕེལ་བ།
གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་ནི་མི་སེམས་སུ་གཏིང་ཟབ་ཟུག་པའི་བསམ་པའི་ཐུན་མོང་ངོས་འཛིན་ཞིག་ཡིན་པ་མ་ཟད། རྒྱུན་གཏན་གྱི་འགྲོ་འོང་ནང་མཉམ་འདྲེས་བྱེད་པའི་དྲོ་སྐྱིད་ལྡན་པའི་ལག་ལེན་དེ་བས་ཀྱང་རེད། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཛའ་བརྩེ་རྣམ་པ་སྣ་མང་གི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་ཡོད།
ཉེ་བའི་ལོ་གསུམ་རིང་རང་ལྗོངས་ཀྱིས་གཞོན་ནུ་ལོ་ཆུང་གི་འགྲོ་འོང་སྤེལ་རེས་བྱེད་སྒོར་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཁྲི་1.5ལྷག་ཙམ་སྒྲིག་འཛུགས་བྱས་ནས“སེམས་མཐུན་སྒར་ས”དང“སེ་འབྲུའི་རྡོག་པོ་ཁྱིམ་ཚང་གཅིག་ལྟར་བརྩེ”སོགས་ཀྱི་བྱེད་སྒོར་ཞུགས་པ་དང་། མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཁྲི་7.2ཀྱིས་ལྗོངས་ཕྱིའི་ལོ་ཆུང་གྲོགས་པོ་དང“ལག་གདང་སྦྲེལ་བའི”རོགས་ཟླ་སྒྲིག་པ། ལོ་ཆུང་གདོང་ལེན་རུ་མི་1000ལྷག་ཙམ་གྱིས“སྐེ་དར་དམར་པོའི་འདྲི་འཚོལ”གྱི་ཞིབ་སློབ་བྱེད་སྒོར་ཞུགས་པ་བཅས་བྱས་ཏེ་ལང་ཚོའི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་རྒྱུན་འཛིན་ལ་གསོན་ཤུགས་ཀྱིས་ཁེངས་པར་བྱས་ཡོད།
ཕྱོགས་གཉིས་ནས་ནུས་ཤུགས་བཏོན་ཏེ་བཙུགས་པའི་སྤེལ་རེས་སྦྲེལ་ཟམ་གྱིས་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེ་སྔར་བས་གཏིང་ཟབ་ཏུ་འགྲོ་བར་བྱས་ཤིང་། རང་ལྗོངས་ཀྱིས“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་སྤུས་རྟགས་ལ་རྒྱུན་མཐུད་བཀྲག་མདངས་འཚེར་བར་བྱས་པ་དང་། ལོ་ལྟར་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་དང་དཔེ་སྟོན་གྱི་འཐུས་མི་དང་། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི། གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་བཅས་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་རྟོག་ཞིབ་དང་སློབ་སྦྱོང་བྱས་ཏེ་མེས་རྒྱལ་གྱི་འཕེལ་རྒྱས་ལ་མིག་མཐོང་ལག་ཟིན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ལ་བཅངས་པའི་མོས་སེམས་དང་། གཏོགས་སེམས། སྤོབས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།
དམངས་འཚོ་ལེགས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་བཙུགས་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དེ་དམ་འཛིན་བྱ་གཞིར་བརྩིས་ནས་གྲོང་ཁྱེར་དང་གྲོང་རྡལ་འཆར་འགོད་དང་། སྡེ་ཁུལ་འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཁྲོད་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་ཕྱོགས་མི་ལས་ཞུགས་གཞིས་ཆགས་དང་། སྨན་བཅོས་སློབ་སྦྱོང་། སྡོད་ཁང་བོགས་གཏོང་སོཌ་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད། ལོ་རེ་བཞིན་མི་རིགས་འཆམ་མཐུན་ཁྲོམ་གཞུང(སྡེ་ཁུལ)གི་དཔེ་མཚོན་20འདེམས་འཛུགས་དང“མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཡག་ཤོས”100དཔྱད་འདེམས་བྱས་ཏེ་རྒྱུན་གཏན་གྱི་འབྲེལ་འདྲིས་ཁྲོད་མི་རིགས་ཁག་གི་མང་ཚོགས་འབྲེལ་ཐག་ཉེ་རུ་དང་བརྩེ་སེམས་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ཡོད་པ་རེད།
མང་ཚོགས“ཉེ་འགྲམ་གྱི་དོན་དག”དེ“སེམས་ནང་གི་དོན་དག”ལ་བརྩིས་པ་དང་། དམངས་འཚོའི་དོན་དངོས་རེ་རེ་ལས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བརྒྱུད་སྤྲོད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་མཉམ་སྤྱོད་བྱས་ཡོད། རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་ལོ་15རིང་གི་གཞུང་གྲོན་སློབ་གསོ་དང་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་མ་ལག་བཙུགས་པ་དང་། ལོ་ལྟར་རྒྱུན་རྣམ་ཅན་གྱི་སྒོ་ནས་རིན་པ་མི་དགོས་པར་བདེ་ཐང་བརྟག་དཔྱད་བྱས་ཏེ་ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་དང་དེ་བཞིན་བྱིས་པའི་ལྷན་སྐྱེས་སྙིང་ནད། ཞིང་འབྲོག་མང་ཚོགས་ཀྱི་སྐྱ་འགྲིབ་སོགས་ལ་གཅིག་སྡུད་ངང་སྨན་བཅོས་བྱེད་པ། ས་མཐོར་འཚམ་པའི་ཐབ་ཆས་གསར་པའི་ཐོན་རྫས་ཀྱིས་སྲོལ་རྒྱུན་ཐབ་ཆས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་བྱེད་ནུས་ཀྱི་ཞན་ཆ་ཐག་གཅོད་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་སྐྱིད་སྣང་དོད་པར་བྱས་ཡོད།
མཐའ་མཚམས་བརྟན་ལྷིང་དང་དེ་བཞིན་ཁྱིམ་ཚང་དང་རྒྱལ་ཁབ་བདེ་འཇགས་ལྡན་ཞིང་། རང་ལྗོངས་ཀྱིས་མཐའ་མཚམས་འཕེལ་རྒྱས་ལ་གཞིགས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་གི་གསར་བརྗེའི་ཁྱམས་རིང་འདུ་འགོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་རིམ་བཞིན་མང་དུ་སོང་བ་དང་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།