དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “རྩྭ་ཆུ་གང་བཟང་དུ་སྡོད་པ”ནས“གནས་འཕྲོད་ལས་འཚམ”བར་གྱི་འགྱུར་ལྡོག་ཆེན་པོ།

    —— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60རིང་གི་ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-09

    འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཧང་ཅཱ་གྲོང་ཚོ་གསར་པ་ཡིན་པ།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་དུ། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་རབ་ཏུ་འཕྲོ་བའི་འོག ནག་ཆུ་གྲོང་ཁྱེར་གྱིས་སྐབས་རིམ་བརྗེས་བཞིན་ལས་དོན་བསྒྲུབས་པ་དང་འཆར་གཞི་རེ་རེ་མཐར་ཕྱིན་པར་དོན་འཁྱོལ་བྱས་ཤིང་། བྱ་གཞག་ཁག་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། ཉམས་ཞན་ནས་སྟོབས་ཆེ་བཅས་སུ་གྱུར་ཏེ། ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། རིག་གནས་དར་རྒྱས། སྐྱེ་ཁམས་བཟང་བ། མི་དམངས་བདེ་སྐྱིད་བཅས་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་མངོན་པ་མ་ཟད། མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ནག་ཆུ་གསར་པ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད།

    དམངས་འཚོ་ལེགས་སུ་བཏང་སྟེ“ལྟོ་གོས་གཉིས་འཛོམས”ནས“སྤུས་ཚད་ལེགས་པའི་འཚོ་བའི”ཕྱོགས་སུ་བསྐྱོད་པ།

    ཟླ་6པའི་ཟླ་མཇུག་ཏུ། གསེར་རྙེད་ཆུས་ཧང་ཅཱ་གྲོང་ཚོ་གསར་པའི་ཡུལ་མི་སྙན་གྲགས་ཁྱིམ་གྱི་ནང་མི་ལྔ་པོ་ཁང་པ་གསར་པར་སྤོས་པ་དང་། ཐོག་སོ་གཉིས་ལྡན་གྱི་ཁང་པ་དང་སྒོ་ར་བཅས་ལ་ཁྱོན་སྨི་ངོས་གྲུ་240ཡོད་པ་དེའང་ཧ་ཅང་སྐྱིད་སྣང་དོད་པོ་ཞིག་ཡོད། སྙན་གྲགས་ཀྱིས་གསར་འགོད་པར“ད་ཆ་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་འདུག ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་རམ་མང་པོ་གནང་བྱུང་། སྡོད་ཁང་གི་ཆ་རྐྱེན་ལེགས་སུ་བཏང་བའི་ཁར། ཕྲུ་གུ་སློབ་གྲྭར་འགྲོ་བར་འགྲོ་སོང་གང་ཡང་མི་དགོས་ལ། སྨན་བཅོས་བྱེད་པར་ཡང་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་ཡོད་པས་འཚོ་བར་སེམས་ཁྲལ་མི་འདུག”ཅེས་བཤད།

    ཧང་ཅཱ་གྲོང་ཚོ་གསར་པར་དེ་སྔོན་ནོར་སྒང་གྲོང་ཚོ་ཟེར་ཞིང་། མང་ཚོགས་ཁ་འགྲེམས་ངང་སྡོད་པ་དང་ཆ་རྐྱེན་བལྟོས་བཅས་རྗེས་ལུས་ཡིན། ཆེས་ཐག་རིང་ལུང་ཁུག་གི་དུད་ཁྱིམ་ཁ་ཤས་ཀྱི་མང་ཚོགས་ལ་མཚོན་ན། འགྲོ་ལམ་ཡག་པོ་མེད་པའི་ཁར་ཐ་ན་དུད་ཁྱིམ་ཁ་ཤས་ལ་དྲ་རྒྱའི་བརྡ་རྟགས་ཀྱང་མེད། ད་ཆ་ཡུལ་མི་རྣམས་ཧང་ཅཱ་གྲོང་ཚོ་གསར་པའི་ཁང་པ་གསར་པར་བསྡད་ཡོད་ཅིང་། དེ་གར་ཆུ་དང་། གློག དྲོད་རླངས། དྲ་རྒྱའི་བརྡ་རྟགས་བཅས་གང་དགོས་འཛོམས་ཡོད་པ་རེད།

    ནོར་སྒང་གྲོང་ཚོའི་འགྱུར་ལྡོག་ནི་ནག་ཆུ་གྲོང་ཁྱེར་གྱི་དམངས་འཚོ་ལེགས་སུ་བཏང་བའི་མཚོན་ཚུལ་ཞིག་རེད། ལོ་ངོ་60ཡི་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། བདེ་སྡོད་ལས་གྲྭ་དང་། ཡུལ་གཞན་དུ་གནས་སྤོས། གཡབ་ཚང་ཁུལ་སྒྱུར་བཀོད། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་སོགས་ལག་བསྟར་བྱས་ཏེ། ཞིང་འབྲོག་པ་བདེ་འཇགས་དང་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་སྡོད་ཐུབ་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོར་མཁན་ཡོད་པ་བཅས་མངོན་འགྱུར་ཐུབ་ནས་འཚོ་བ་སྔར་བས་ཇེ་དགའ་ཇེ་སྐྱིད་དུ་འགྲོ་བཞིན་ཡོད་པ་རེད།

    མིག་སྔར། ནག་ཆུ་གྲོང་ཁྱེར་གྱིས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྱོན་བསྡོམས་462བཙུགས་པ་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭར་ཞུགས་ཚད་98%དང་100%སོ་སོར་ཟིན་ཡོད། དེ་སྔ་དགེ་རྒན་དཀོན་པ་དང་སློབ་ཁྲིད་སྒྲིག་ཆས་ཐབས་ཆག་ཡིན་པའི་དབང་གིས་བྱིས་པ་མང་པོའི་སློབ་སྦྱོང་གི་ཁོར་ཡུག་ཧ་ཅང་ཞན་པོ་ཡོད་ཀྱང་། ད་ཆ་དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་བརྗིད་ཉམས་ངང་བསྐྲུན་པ་དང་བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་སྒྲིག་ཆས་ཀྱང་སློབ་ཁང་དུ་བསྒར་ཡོད་སྟབས། བྱིས་པ་དེ་བས་མང་པོས་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་བཞིན་ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱི་རོགས་རམ་འོག སྨན་ཁང་ཐད་རིམ་གསུམ་ཁ་པ་རིམ་པའི་སྨན་ཁང་དང་རིམ་གསུམ་ཀ་པ་རིམ་པའི་སྨན་ཁང་བསྟུད་མར་བདེ་བླག་ངང་བཙུགས་པས། ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་དང་སྨན་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད།

    སྐྱེ་ཁམས་འཛུགས་སྐྱོང་བྱས་ཏེ“ཕྱོགས་རྐྱང་གི་འཚོ་བ་སྐྱེལ་བ”ནས“ལྗང་མདོག་འཕེལ་རྒྱས”བར་གྱི་འགྱུར་ལྡོག

    ནག་ཆུ་ནི་མཚོ་བོད་ས་མཐོའི་དབུས་རྒྱུད་དུ་གནས་ཤིང་། དེ་ནི་འབྲི་ཆུ་དང་། རྒྱལ་མོ་རྔུལ་ཆུ། རྫ་ཆུ། སྐྱིད་ཆུ་སོགས་གཙང་པོ་དང་ཆུ་བོ་མང་པོའི་འགོ་ཁུངས་ཡིན་པས། སྐྱེ་ཁམས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ཡིན། ལོ་ངོ་60ཡི་རིང་། ནག་ཆུར“ཕྱོགས་རྐྱང་གི་འཚོ་བ་སྐྱེལ་བ”ནས“ལྗང་མདོག་འཕེལ་རྒྱས”བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    ད་ལོ་ལོ་63ལ་སླེབས་པའི་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་ཉི་མ་ལུང་གྲོང་ཚོའི་ཡུལ་མི་བསམ་ཚེས་རྩྭ་ཐང་གི་སྐྱེ་ཁམས་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད། “སྔོན་ཆད་ཕྱུགས་ཟོག་འཚོ་སྐྱོང་བྱས་དྲགས་པའི་དབང་གིས་རྩྭ་ཐང་ཉམས་ཞན་དུ་གྱུར་པ་དང་། རི་སྐྱེས་སྲོག་ཆགས་ཇེ་ཉུང་དུ་སོང་ཡོད། ད་ཆ་སྐྱེ་ཁམས་སྲུང་སྐྱོང་ཁུལ་བཙུགས་པ་དང་སྲིད་གཞུང་གིས་ང་ཚོར་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་ཟོག་འཚོ་བར་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་སྐྱེ་ཁམས་སྲུང་སྐྱོང་གི་འདུ་འགོད་རབ་དང་རིམ་པ་ལག་བསྟར་བྱས་པས། རྩྭ་ཁ་བསྡམས་པའི་རྩྭ་ར་སླར་ཡང་སྔོ་ཐིང་ཐིང་དུ་གྱུར་པ་དང་། རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་ནས་ཇེ་མང་དུ་སོང་སྟེ། ང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།

    ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། སྨྲི་ཏི་ཁ་རྒྱལ་སྤྱིའི་འདམ་ར་གལ་ཆེན་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གདང་ལ་བྱང་རྒྱུད་ས་ཁོངས་སོགས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་བསྐྲུན་པས། རང་བྱུང་སྲུང་སྐྱོང་ཁུལ་18ཀྱིས་ལྗོངས་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱི་51.7%བཟུང་ཡོད་ཅིང་། གཙོད་དང་འབྲོང་སོགས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ལོ་བཅུའི་གོང་དང་བསྡུར་ན་5%ཡན་འཕར་ཡོད།

    ཕྱིར་མིག་བལྟས་ན། ནག་ཆུའི་དཔལ་འབྱོར་ནི་གཞི་རྩའི་ཆར་ཉམས་ཞན་གྱི་སྲོལ་རྒྱུན་འབྲོག་ལས་ཡིན་ཞིང་། གནམ་ཆུར་བརྟེན་ནས་ཕྱུགས་ཟོག་འཚོ་བ་དང་སྐྱས་ཡང་སེ་སྤོ་དགོས་ཀྱི་ཡོད་པས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་དམའ་པོ་ཡོད། འོན་ཀྱང་། ལོ་ངོ་60ཡི་རིང་འཕེལ་རྒྱས་སོང་བ་བརྒྱུད། ད་ཆའི་ནག་ཆུར་སྲོལ་རྒྱུན་འབྲོག་ལས་རྐྱང་པ་ནུས་རྒྱུ་གཙང་མ་དང་། ཁྱད་ལྡན་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར་སོགས་ཐོན་ལས་སྣ་མང་གི་ཕྱོགས་སུ་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    སྔོན་ཆད་རྩྭ་ཐང་ཐོན་ཁུངས་ཕྱོགས་རྐྱང་གི་འཚོ་བ་སྐྱེལ་བ་ནས་ད་ཆའི་སྐྱེ་ཁམས་སྲུང་སྐྱོང་ཁུལ་གང་སར་ཁྱབ་པ་དང་ཁྱད་ལྡན་ཐོན་ལས་དབྱར་མཚོ་བཞིན་རྒྱས་པའི་བར་དུ། ས་མཐོའི་ཡུལ་ལུང་དེར་རི་སྔོན་ཆུ་དྭངས་སྲུང་སྐྱོང་ཐུབ་པ་མ་ཟད། སྐྱེ་ཁམས་དམངས་ཕྱུག་གི་ཐབས་ལམ་གསར་པ་དེ་བས་ཀྱང་བཏོད་ཡོད་ཅིང་། བྱ་སྤྱོད་དངོས་ལ་བརྟེན་ནས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞི་མཐུན་ལེའུ་རྩོམ་བཞིན་ཡོད་པ་རེད།

    རྨང་གཞིའི་སྒྲིག་བཀོད“རྗེས་ལུས་དང་ཁ་ཐང་བ” ནས“ཕན་ཚུན་སྦྲེལ་མཐུད”བྱུང་བའི་བར་གྱི་འགྱུར་ལྡོག

    “ངས་གཟའ་འཁོར་རེར་མ་མཐར་ཡང་ལྷ་སར་དངོས་ཟོག་འཐེན་པར་ཐེངས་གཉིས་འགྲོ་གི་ཡོད་ཅིང་། མང་ཆེ་བ་མེ་འཁོར་ལ་བསྡད་ནས་འགྲོ་གི་ཡོད་པས་བདེ་འཇགས་དང་སྟབས་བདེ་པོ་འདུག” ཨ་མདོ་རྫོང་བྲག་ནག་སྡེ་ཁུལ་གྱི་གྲོང་མི་སྐལ་བཟང་ཚེ་རིང་ད་ལོ་ལོ་70ལ་སླེབས་ཤིང་། མཚོ་བོད་ལྕགས་ལམ་གཉེར་སྐྱོང་བྱས་རྗེས། ཁོང་གིས་འབྲོག་ཁུལ་ནས་ཐོན་ཏེ་ཚོང་ཁང་བཙུགས་ནས་ཁྲོམ་རར་བསྐྱོད་ཅིང་། རྟག་ཏུ་ནག་ཆུ་དང་ལྷ་སའི་བར་འགྲོ་འོང་བྱེད་ཀྱི་ཡོད། ཁོང་གིས“ལྕགས་ལམ་གྱིས་ངའི་འཚོ་བར་འགྱུར་ལྡོག་བཏང་བྱུང”ཞེས་བརྗོད་པ་དང་། ད་ཆ་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་སྐལ་བཟང་ཚེ་རིང་གི་ཚོང་ལས་ལའང་ལམ་འགྲོ་རྒྱུག་པའི་སྒང་རེད།

    ནག་ཆུ་གྲོང་ཁྱེར་ནི་བོད་ཀྱི“བྱང་སྒོ་ཆེ་མོ”ཡིན་ཞིང་། གཞུང་ལམ་དང་། ལྕགས་ལམ། སྣུམ་རླངས། འོད་སྐུད། གློག་ཤུགས་བཅས་སྲོག་རྩ་ལྟ་བུ་ལྔ་ལས་གྲུབ་པའི“མཁའ་ལམ་གྱི་བར་ཁྱམས”སྒྲོལ་ས་རེད། ད་ཆ་ནག་ཆུ་གྲོང་ཁྱེར་གྱི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་3.57ཟིན་པའི་ནང་། རྫོང་དང་། ཤང་། གྲོང་ཚོ་བཅས་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་། 96.64% 73.52%སོ་སོར་ཟིན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སྟངས་སྣ་མང་གིས་ནག་ཆུ་དང་ཕྱི་རོལ་བར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད།

    བཅར་འདྲི་བྱེད་རིང་། སྐལ་བཟང་ཚེ་རིང་གི་ལག་ཐོགས་ཁ་པར་ནས་ཉོ་ཚོང་གི་དངུལ་རྩིས་ཁྲར་འབྱོར་བའི་བརྡ་ཡང་སེ་གྲགས་འོང་། ཁོང་གིས“ད་ཆ་འགྲིམ་འགྲུལ་སྟབས་བདེ་བ་དང་། འཕྲིན་གཏོང་གང་སར་ཁྱབ་པ། ཆ་འཕྲིན་དར་བ་དང་། ཚོང་ཁང་ཡང་ནང་མིས་ལྟ་རོགས་བྱེད་ཀྱི་ཡོད་པས། ང་རང་ཁྱིམ་དུ་བསྡད་ནས་ཚོང་བརྒྱབ་ན་འགྲིག”ཅེས་བཤད།

    ཨ་མདོ་རྫོང་གི་ལྷོ་ཕྱོགས་ནས་ནག་ཆུ་བར་བཙུགས་པའི་རླུང་ཤུགས་གློག་འདོན་འཕྲུལ་འཁོར་གྱི་ཤེལ་ལེབ་དག་དགུང་སྔོན་འོག་ཏུ་མཛེས་སྡུག་ལྡན་པའི་གཞུ་ཐིག་རེ་རེར་སྣང་། རླུང་ཤུགས་གློག་གཏོང་འཕྲུལ་འཁོར་རེ་རེ་བཞིན་ས་མཐོའི་པང་དུ་ཀྲོང་ངེར་བཙུགས་ཡོད་པ་དང་། ཉི་འོད་འོག་བཀྲག་མདངས་རབ་ཏུ་འཚེར་བའི་ཉི་ནུས་འོད་ལེབ་རེ་རེ་ནས་ནག་ཆུའི་འཕེལ་རྒྱས་ལ་ལྗང་མདོག་གི་ནུས་རྒྱུ་ཟམ་མི་ཆད་པར་སྣོན་བཞིན་ཡོད། སྔོན་ཆད་ནག་ཆུའི་ས་ཆ་མང་པོར་སྣུམ་བཞུར་བརྟེན་དགོས་ཤིང་། གློག་ཤུགས་ཁ་ཐང་བས་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་བཟོས་ཡོད། ད་ཆ་རྫོང(ཆུས)གི་གློག་དྲ་གཙོ་བོ་གང་སར་ཁྱབ་སྟེ་གློག་གཏོང་ཚད་99.63%ཟིན་ཡོད།

    དམངས་འཚོ་ལེགས་སུ་གཏོང་བ་ནས་སྐྱེ་ཁམས་སྲུང་སྐྱོང་བར་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་བར། ནག་ཆུས་རྣམ་པ་གསར་རྐྱང་གི་ཐོག་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ལོ་ངོ་60ཡི་རིང་། ནག་ཆུ་གྲོང་ཁྱེར་དེ་ཉིད་དབུལ་པོ་དབུལ་ནག་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མགྱོགས་མྱུར་འཕར་ཡོད།

    འགོ་འཛུགས་ས་གསར་པར། ནག་ཆུའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་དང་། མུ་མཐུད་མཐུན་སྒྲིལ་འབད་འཐབ་བྱས་ནས་འོད་སྟོང་འཕྲོ་བའི་ལེའུ་གསར་པ་བརྩམས་དང་རྩོམ་མུས་ལགས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།