དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རི་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་ལུའོ་ཅིན་ཧུའེ་ཡིས་བརྗོད་དོན།“ངའི་ཚེ་གང་རིང་གི་སེམས་པ་སྐྱིད་ཤོས་དང་བདེ་སྐྱིད་ཆེ་ཤོས་ཀྱི་དུས་ཚོད་དེ་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-08

    ཟླ་9ཚེས་5ཉིན་གྱི་ཕྱི་དྲོར། གསར་འགོད་པ་བཅར་འདྲི་བྱེད་པར་ཡོང་གི་ཡོད་པ་ཐོས་རྗེས། ཉལ་ཁྲིའི་སྟེང་ངལ་གསོ་བཞིན་པའི་ལུའོ་ཅིན་ཧུའེ་ཡིས་ཨུ་ཚུགས་ངང་ཙོག་ཙོག་ཏུ་བསྡད་དེ“ངས་རི་འགོག་དམག་འཁྲུག་གི་ལོ་རྒྱུས་མང་ཙམ་བཤད་ནས་ཚང་མས་ཞི་བའི་ལོ་རབས་ཀྱི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དུ་འཇུག་འདོད་འདུག”ཅེས་བརྗོད།

    ལུའོ་ཅིན་ཧུའེ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངའི་ལག་པ་དམ་པོར་བཟུང་ནས་ངར་དཔའ་བོ་རྒན་གྲས་ཞེས་འབོད་གནང་བྱུང་། དེ་ནི་ངའི་ཚེ་གང་རིང་གི་སེམས་པ་སྐྱིད་ཤོས་དང་བདེ་སྐྱིད་ཆེ་ཤོས་ཀྱི་དུས་ཚོད་དེ་ཡིན། དེ་ནི་ང་མི་སྒེར་ཁོ་ན་མིན་པར་རི་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་ཚང་མར་ཐུགས་ཁུར་གནང་བ་ཞིག་ཡིན་ལ་ལོ་རྒྱུས་སེམས་ལ་ངེས་པ་ཞིག་ཀྱང་ཡིན”ཞེས་མྱོང་ཚོར་ཟབ་མོས་བརྗོད།

    ཟླ་9ཚེས་3ཉིན། ལུའོ་ཅིན་ཧུའེ་གདན་ཞུས་ལྟར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་མཛད་སྒོར་ཞུགས་ཡོད། དེ་ནི་ལུའོ་ཅིན་ཧུའེ་དམག་གཟིགས་ལ་གདན་འདྲེན་ཞུ་ཐེངས་གསུམ་པ་དེ་རེད། “ད་རེས་གནམ་བདེ་སྒོ་མོའི་ཡང་སྟེང་ནས་དམག་གཟིགས་ལ་བལྟས་པ་དང་མཚོན་ཆ་དང་སྒྲིག་ཆས་གསར་པ་སྣ་ཚོགས་མཐོང་བས་ང་རང་ཧང་སངས་བྱུང་། རྒྱལ་སྲུང་སྟོབས་ཤུགས་སྟོབས་ཆེར་ཕྱིན་ཚེ་མི་དམངས་ལ་ཕྱི་ཕྱོགས་ཀྱི་བརྙས་བཅོས་མི་ཕོག་པ་དང་། རྒྱལ་ཁབ་དངོས་འབྲེལ་སྟོབས་ཆེ་རུ་འགྲོ་ཐུབ”ཅེས་བརྗོད་ཀྱིན་བགྲེས་སོང་གི་མིག་ལ་མཆི་ཞག་འཁོར། “གལ་སྲིད་རང་སྲོག་བློས་གཏོང་བྱེད་མཁན་འཐབ་གྲོགས་ཚོས་ཀྱང་ཉིན་དེ་མཐོང་ཐུབ་ན་ཅི་འདྲའི་ཡག་པ་ལ་ཨང”ཞེས་བརྗོད།

    ལུའོ་ཅིན་ཧུའེ་1930ལོར་ཤང་ཀང་གི་ཤིན་ཅེ་ཧྲ་ཐོའུ་ཅའོ་ནན་ཡུང་ལུའོ་ཝུའུ་གྲོང་ཚོར་སྐྱེས་པ་དང་། ལོ་13ལ་སླེབས་སྐབས་ཏུང་ཅང་ཙུང་ཏུའེ་ཀང་ཅིའུ་རང་ཚུགས་རུ་ཆེན་ནང་ཞུགས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏུང་ཅང་ཙུང་ཏུའེ་ཀང་ཅིའུ་རང་ཚུགས་རུ་ཆེན་གྱིས་ཤང་ཀང་སྲུང་སྐྱོབ་བྱེད་པ་དང་། རི་པིན་གྱི་བཙན་འཛུལ་པར་རྡུང་རྡེག་གཏོང་བ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ལུའོ་ཅིན་ཧུའེ་བཅིངས་འགྲོལ་དམག་འཁྲུག་ནང་ཞུགས་པ་དང་དེ་རྗེས་དུས་ཡུན་རིང་པོ་ཀོང་ཏུང་དུ་ལས་ཀ་བྱས་ནས་ཧྲེན་ཀྲེན་འཁལ་འཐག་བཟོ་ལས་ཀུང་སིའི་ལས་ཁུངས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་མྱོང་། 1991ལོར་རྒན་ཡོལ་ཞུས་ནས་ཤང་ཀང་དུ་ཕྱིར་ལོག་པ་རེད། ད་ལོའི་ཟླ་7པར་གྲུ་གཟིངས་ཨ་མ་ཧྲན་ཏུང་རྟགས་ཅན་གྲུ་གཟིངས་དང་། འཕུར་མདེལ་མཐར་སྐྲོད་གྲུ་གཟིངས་ཡན་ཨན་རྟགས་ཅན་གྲུ་གཟིངས། ཀྲན་ཅང་རྟགས་ཅན་གྲུ་གཟིངས། འཕུར་མདེལ་སྲུང་སྐྱོབ་གྲུ་གཟིངས་ཡུན་ཁྲེང་རྟགས་ཅན་གྲུ་གཟིངས་བཅས་ལས་གྲུབ་པའི་གྲུ་གཟིངས་ཨ་མའི་དཔུང་རུ་ཤང་ཀང་དུ་ཡོང་ནས་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་ལུའོ་ཅིན་ཧུའེ་གདན་ཞུས་ལྟར་ཧྲན་ཏུང་རྟགས་ཅན་གྲུ་གཟིངས་ལ་བསྡད་ནས་ལྟ་སྐོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།