དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རི་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་སུང་ཆི་ཞང་གིས་བརྗོད་དོན།“དམག་སར་སྐྱོད་མྱོང་བས་དཀའ་སྡུག་གང་ལའང་སྐྲག་གི་མི་འདུག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-08

    ཟླ་9ཚེས་5ཉིན་གྱི་སྔ་དྲོར། ལོ་བརྒྱ་ལ་སླེབས་པའི་རི་འགོག་འཐབ་འཛིང་པ་རྒན་གྲས་སུང་ཆི་ཞང་བུའི་ཁྲིད་རོགས་འོག ཧུའུ་པེ་ཞིང་ཆེན་ཝུའུ་ཧན་འབྲི་ཆུའི་ཟམ་ཆེན་བརྒྱུད་ཅང་ཧན་ཀོན་དུ་འོང་ནས་རི་འགོག་དམག་འཁྲུག་གི་ལོ་ཟླར་ཕྱིར་དྲན་བྱས། ཅང་ཧན་ཀོན་རྟེན་མཛོད་ཁང་དུ་སྦྱར་བའི“ཧན་དབྱང་མཚོན་ཆ་བཟོ་གྲྭའི”པར་རྙིང་པ་མཐོང་སྐབས། སུང་ཆི་ཞང་གིས“ལོ་དེར་དམག་མིར་ཞུགས་སྐབས། ང་ཚོར་སྤྲད་པའི་མེ་མདའ་ཚང་མ‘ཧན་དབྱང་ནས་བཟོས་པ་ཤ་སྟག་རེད’”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།

    ཟླ་9ཚེས་3ཉིན། སུང་ཆི་ཞང་གདན་ཞུས་ལྟར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་ནས་ས་གནས་ས་ཐོག་གི་མཛད་གཟིགས་ནང་ཞུགས། དྲན་གསོའི་ཚོགས་ཆེན་མ་འཚོགས་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་བྱམས་བརྩེའི་ངང་ཕྱག་བཏང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་བཞིན་ནས་འཛུམ་མདངས་འཕྱུར་བཞིན་སུང་ཆི་ཞང་གི་མདུན་དུ་ཕེབས་སྐབས། སུང་ཆི་ཞང་གིས་འཕྲལ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ནས་དམ་པོར་འཇུས་རྗེས་གཟབ་ནན་ངང་སྤྱི་ཁྱབ་ཧྲུའུ་ཅིར་དམག་མིའི་གུས་འདུད་ཞུས།

    དམག་གཟིགས་མཛད་སྒོ་འཚོག་ཡུལ་ནས་གྲལ་འགྲིག་པའི་རུ་སྟར་གྲུ་བཞི་མཐོང་བ་དང་། ད་དུང་ཐན་ཁེ་དང་། འཕུར་མདེལ། འཐབ་འཛིང་གནམ་གྲུ་བཅས་གསར་རྐྱང་རེ་རེ་བཞིན་གྲལ་སྟར་འགྲིག་པོས་ཡོང་བ་མཐོང་སྐབས། སུང་ཆི་ཞང་གི་སེམས་ནང་རང་ཤུགས་ངང་དམག་འཁྲུག་གི་ལོ་ཟླ་འཁོར། སུང་ཆི་ཞང་ནི་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དབྱི་ཏུའུ་གྲོང་ཁྱེར་ཀའོ་པེ་ཀྲོའུ་གྲོང་རྡལ་ཝན་ཧྲེ་གྲོང་ཚོའི་ཡུལ་མི་ཡིན་པ་དང་། ཁྱིམ་དུ་གཅེན་གཅུང་ལྔ་ཡོད་པ་ནས་གསུམ་རི་འགོག་དམག་འཁྲུག་ནང་ཞུགས་མྱོང་ཡོད།

    ཟླ་9ཚེས་3ཉིན་གྱི་སྔ་དྲོ། གནམ་གཤིས་ཚ་བ་ཤིན་ཏུ་ཆེ་ཞིང་། སུང་ཆི་ཞང་གི་སྒལ་པ་རྔུལ་ཆུས་བརླན་ཡང་ཁོང་གིས་རྐེད་པ་འདྲོང་པོར་བསྡད་ཡོད། ཚེས་3ཉིན་གྱི་ཕྱི་དྲོར། ཁོང་གིས་སླར་ཡང་བུར་རྐུབ་སྟེགས་འཁོར་ལོ་འབུད་རྒྱག་གཏོང་དུ་བཅུག་ཅིང་། རང་ཉིད་ཁྲང་ཨན་ཁྲོམ་གཞུང་དུ་ལྟ་བར་སོང་བ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དག་ཞིབ་ཅིང་ཕྲ་བའི་སྒོ་ནས་བལྟས། བགྲེས་སོང་གིས“ངའི་བསམ་འདུན་ཆེ་ཤོས་དེ་འགྲུབ་སོང་། ད་འགྲིག་སོང”ཞེས་བཤད། ལམ་འགྲམ་གྱི་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་ཁོང་ལ་གུས་འདུད་ཞུས་པ་དང་མཉམ་དུ་དྲན་རྟེན་པར་རྒྱག་རྒྱུའི་རེ་བ་ཞུས་པ་དེ་ལས། ལོ་བརྒྱ་ལ་སླེབས་པའི་འཐབ་འཛིང་པ་རྒན་གྲས་ཁོང་ལ་བརྩི་བཀུར་ཟབ་མོ་ཞུ་ལུགས་མཚོན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།