མཚོ་སྔོན་རྒྱལ་ཡོངས་ཀྱི་གཟན་ཆས་ཡུག་པོ་ཐོན་ཁུལ་གཙོ་བོ་དང་སོན་བཟང་སྤེལ་གསོའི་རྟེན་གཞི་གལ་ཆེན་དུ་གྱུར་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། རྒྱལ་ཡོངས་ཀྱི་འབྲོག་ལས་སྤྱི་ཁྱབ་ས་ཚིགས་ཀྱིས་མཚོ་སྔོན་དུ་འབྲི་གཡག་གི་གཟན་རྩྭ་མང་དུ་དང་གཟན་ཆས་གྲོན་ཆུང་གསོ་སྤེལ་ལག་རྩལ་ལྟ་སྦྱོང་བྱེད་སྒོ་སྤེལ་བ་རེད། གསར་འགོད་པར་བྱེད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་གཟན་རྩྭའི་ཐོན་ལས་ལ་དམིགས་ནས“ས་གྲོལ་རྩྭ་འདེབས”དང“ཡུལ་གཞན་ནས་རྩྭ་ར་གཡར་བའི”བྱེད་ཐབས་འཚོལ་ཞིབ་བྱས་ཏེ། གཟན་རྩྭའི་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དང་། རྨོ་མི་དགོས་པར་གསབ་འདེབས་སོགས་ཀྱི་ལག་རྩལ་ཁྱབ་གདལ་བཏང་བས། ཡུག་པོ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་150(མུའུ་1ལ་ཧ་ལམ་སྤྱི་ཆིང་0.067ཡོད་པ)ཟིན་ནས། མིག་སྔར་རྒྱལ་ཡོངས་ཀྱི་གཟན་ཆས་ཡུག་པོ་ཐོན་ཁུལ་གཙོ་བོ་དང་སོན་བཟང་སྤེལ་གསོའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་པ་དང་། “འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང”བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་གྲུབ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས“ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཡུལ་ཟོག་ཕྱིར་གཏོང་བྱེད་གནས”སྐྲུན་རྒྱུ་ལྟེ་བར་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ས་མཐོའི་ཁྱད་ཆོས་ལ་གཞི་ཚུགས་ནས་རྩྭ་ཐང་གི་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་བྱེད་སྟངས་ཕྱོགས་སྒྱུར་ལ་དམིགས་པ། སྐྱེ་ཁམས་འབྲོག་ལས་འཛུགས་སྐྱོང་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་སོགས་ལག་བསྟར། སྲོལ་རྒྱུན་གྱི་ཕྱུགས་གསོ་དེ་སྡོམ་གསོ་ནས་ཕྱེད་སྡོམ་གསོ་ལ་མགྱོགས་མྱུར་འགྱུར་བ་བྱས་ནས། ཞིང་འབྲོག་ཕན་ཚུན་གསབ་རེས་དང་། འདེབས་གསོ་ཟུང་འབྲེལ། རྩྭ་ཕྱུགས་དོ་སྙོམས་འཁོར་སྐྱོད་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ཡོད། ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བར་དམིགས་ནས་གཟན་རྩྭའི་སོན་བཟང་གསོ་སྤེལ་དང་། གྲང་མཐོའི་རྩྭ་ར་ལེགས་བཅོས། ནོར་ལུག་གསོ་ཚགས་སོགས་ཚན་རྩལ་གྱི་དཀའ་གནད་བསལ་བས། འབྲི་རེར་ལོ་རེར་བེའུ་རེ་དང་ལུག་རེར་ལོ་གཉིས་ལ་ལུ་གུ་གསུམ་རེ་སྐྱེ་ཐུབ་པ་བྱུང་བ་དང་། གྲང་ཐེག་གཟན་རྩྭའི་རིགས་གསོ་སྤེལ་བྱས་ཏེ། མུའུ་དུང་ཕྱུར་3.5ཟིན་པའི་རྒྱལ་ཡོངས་ཀྱི་སྐྱེ་ལྡན་རྩྭ་ཐང་བདེན་དཔང་རྟེན་གཞི་ཆེ་ཤོས་བསྐྲུན་པ་དང་། བ་ཚྭའི་ས་ཞིང་ལེགས་བཅོས་བྱས་ནས་རྩྭ་འབུ་སུ་ཧང་ལོ་རེར་ཐེངས་གསུམ་བསྡུ་ཐུབ་པ་བྱས་ཡོད། འཁོར་འབྲེལ་སྣུར་སྲིང་དང་སྤུས་ཚད་མཐོ་རུ་གཏོང་བར་དམིགས་ནས། ནོར་ལུག་སོགས་ལས་སྣོན་ཞིབ་ཚགས་ཐོན་ལས་ཁྱུ་ཚོགས་གསོ་སྤེལ་བྱས་ཏེ། འོ་རྩྭམ་དང་ནས་ཀྱི་ཏན་ཞིམ་སོགས་ཁྱད་ལྡན་ཐོན་རྫས་རིགས་500ལྷག་ཙམ་གསར་སྤེལ་བྱས་ཏེ། ཚགས་ཤ་ཤང་ཀང་དུ་ཕྱིར་ཚོང་དང་ཆུ་གྲང་ཉ་རིགས་དང་གྲང་རིགས་སྔོ་ཚལ་རྒྱལ་ཁབ་ཕྱི་ནང་དུ་ཕྱིར་ཚོང་ཐུབ་ཡོད།
བྱེད་སྒོ་སྤེལ་རིང་། ཞིང་ལས་དང་གྲོང་གསེབ་པུའི་ཚན་རྩལ་འཕེལ་རྒྱས་ལྟེ་གནས་དང་། རྒྱལ་ཡོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲོག་ལས་ལག་རྩལ་ཁྱབ་གདལ་སྒྲིག་གཞིའི་འགན་འཁུར་བས་སྔ་རྗེས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་དང་། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དུ་ནོར་ལུག་ནུས་ཆེ་གསོ་སྤེལ་དང་། སྲན་མ་དང་། འབྲུ་རིགས། གཟན་རྩྭ་བཅས་བསྲེས་འདེབས་གསོག་འཇོག འབྲི་གཡག་གི་གཟན་རྩྭ་མང་དུ་བཏང་ནས་གཟན་ཆས་གྲོན་ཆུང་སོགས་ཀྱི་ལག་རྩལ་དཔེ་སྟོན་ཁྱབ་གདལ་གྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་སྦྱོང་བྱས་ཏེ། རྒྱལ་ཡོངས་སུ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ཀྱི་ལས་སྟེགས་གལ་ཆེན་བསྐྲུན་པ་དང་། རྣམ་པ་མི་འདྲ་བར་འཚམ་པའི་ལག་རྩལ་འདུས་གྲུབ་བྱ་ཐབས་ལ་རིགས་དབྱེ་སྐུལ་འདེད་དང་ཕྱོགས་སྡོམ་སྤེལ་རེས་བྱས་ཏེ། རྒྱལ་ཡོངས་ཀྱི་འབྲོག་ལས་ལག་རྩལ་ཁྱབ་གདལ་མ་ལག་གིས་འགན་འཁྲི་དེ་བས་ལེགས་པ་སྒྲུབ་པ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སྔར་བས་མགྱོགས་སུ་གཏོང་བ། འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བཅས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།