དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཤར་པའི་ཁྱིམ་ཚང་ཞིག་གི་བརྙན་པར་ནང་གི་དྲན་ཤེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-08

    འདི་ནི་2023ལོའི་བོད་ཀྱི་ལོ་གསར་སྐབས་ཡངས་ཤིང་དཀར་ཆ་དོད་པའི་བོད་བཟོའི་ཚོམས་ཆེན་ནང་བརྒྱབ་པའི་ནང་མི་ལྷན་འཛོམས་ཀྱི་པར་ཡིན་པ།

    འདི་ནི་སྲི་ཐར་བུ་ཁྲིད་གཞོན་ནུའི་སྐབས་ཀྲུང་ནེའི་ས་མཚམས་རྡོ་རིང་འགྲམ་དུ་བརྒྱབ་པའི་པར་ཡིན་པ།

    འདི་ནི་1996ལོར་སྲི་ཐར་བུ་ཁྲིད་ཀྱི་ནང་མི་ཡོངས་ཀྱིས་གཞིས་རྩེའི་པར་ཁང་དུ་བརྒྱབ་པའི་ནང་མི་ལྷན་འཛོམས་ཀྱི་པར་ཐོག་མ་དེ་ཡིན་པ། (པར་རིས་ཚང་མ་བཅར་འདྲི་དང་ལེན་ཞུ་མཁན་གྱིས་མཁོ་འདོན་བྱས)

    གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ནི་རང་རྒྱལ་མངའ་ཁོངས་ནང་གི་ཤར་པ་བའི་འདུས་སྡོད་ཁུལ་གཙོ་བོ་དེ་ཡིན། ལོ་70ལ་སླེབས་པའི་བགྲེས་སོང་སྲི་ཐར་བུ་ཁྲིད་ཉི་གཡབ་འོག་ཉི་མ་སྲོ་བཞིན་ཁྱིམ་ཚང་གི་པར་དེབ་ལ་ལྟ་རྒྱུར་དགའ་པོ་ཡོད། པར་དེབ་ནང་གི་དུས་རབས་མི་འདྲ་བར་བརྒྱབ་པའི་པར་དེ་དག་ལས་ཁྱིམ་ཚང་དེའི་ལོ་ངོ་60ཡི་རིང་གི་འགྱུར་ལྡོག་མངོན་ཡོད།

    པར་དེ་དག་ཁྲོད་ཀྱི་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་ཐུབ་པ་ནི་1965ལོར་བརྒྱབ་པའི་སྐྱ་པར་དེ་ཡིན་ཞིང་། པར་དེའི་ཐོག་ལོ་ན་གཞོན་པའི་སྲི་ཐར་བུ་ཁྲིད་ཀྲུང་ནེའི་ས་མཚམས་རྡོ་རིང་མདུན་དུ་ཡོད་པ་དང་ཁོང་གི་ལྷམ་གཉིས་པོ་འདམ་བག་གིས་ཁེངས་ཤིང་རྒྱབ་ལྗོངས་ནི་མུ་ལ་མུ་འཁྱུད་ཀྱི་རི་བོ་ཡིན།

    པར་གཉིས་པ་ནི་ཚོས་ལོག་པའི་ཚོན་པར་ཞིག་ཡིན་ཞིང་། དེ་ནི་1996ལོའི་བོད་ཀྱི་ལོ་གསར་སྐབས་ནང་མི་ཡོངས་གཞིས་རྩེར་བསྐྱོད་དེ་ལོ་གསར་གྱི་མཁོ་ཆས་ཉོ་སྐབས་བརྒྱབ་པ་ཞིག་ཡིན་པ་དང་། པར་ཁང་གི་རྒྱབ་ལྗོངས་ཡོལ་བའི་མདུན་དུ་ཁྱིམ་ཚང་དེའི་ནང་མི་ལྷན་འཛོམས་ཀྱི་པར་ཐོག་མ་དེ་བརྒྱབ་པ་རེད།

    པར་གསར་ཤོས་དེ་ནི་ཁྱིམ་གྱི་མི་རབས་གསུམ་པོ་ཡངས་ཤིང་དཀར་ཆ་དོད་པའི་བོད་བཟོའི་ཚོམས་ཆེན་ནང་ལག་ཐོགས་ཁ་པར་གྱིས་བརྒྱབ་པ་ཞིག་རེད། “ད་དངོས་གནས་སྟབས་བདེ་པོ་འདུག ང་ཚོ་ཆུང་དུས་གློག་མེད་པས་ཉི་མ་བཞུད་ཚེ་ལས་ཀ་གང་ཡང་སྒྲུབ་མི་ཐུབ”ཅེས་བགྲེས་སོང་གི་བུ་ཆེ་བས་ལག་ཐོགས་ཁ་པར་ལ་གློག་གསོག་གིན་བཤད། 2016ལོའི་ཟླ་12པའི་མཚན་མོ་དེར་རྒྱལ་ཁབ་གློག་དྲས་གྲོང་རྡལ་ཡོངས་ལ་གློག་བཏང་བའི་སྐབས་དེར་གྲོང་ཚོའི་རྣམ་པ་ལོ་གསར་གཏོང་བ་ལས་འཁྲུག་པ་ཡོད་པ་དེ་ཁོང་གིས་ད་ལྟའང་གསལ་པོར་དྲན་གྱི་ཡོད། ད་ཆ་དེ་སྔའི“སྤྲིན་རུམ་གྲོང་རྡལ་ཆུང་ཆུང”དེར་5Gདྲ་རྒྱ་ཡོངས་སུ་ཁྱབ་ཡོད། གྲོང་རྡལ་དུ་ཡོད་པའི་གཞོན་ནུ་ཚོས་ལག་ཐོགས་ཁ་པར་ནས་ཐད་གཏོང་བྱས་ཏེ་ཡུལ་ཟོག་འཚོང་བ་དང་། རྒན་རྒོན་ཚོས་བརྙན་ལམ་ཁ་པར་གཏོང་བ། ཕྲུ་གུ་ཚོས་དྲ་ཐོག་སློབ་ཚན་བརྒྱུད་སྣ་མང་ཕུན་སུམ་ཚོགས་པའི་ཕྱིའི་འཇིག་རྟེན་ལ་ཉམས་ལེན་བྱེད་ཀྱི་ཡོད།

    “དེ་སྔ་དབྱར་རྩྭ་དགུན་འབུ་དང་སྨན་རྩྭ་ནི་ཡོང་འབབ་ཀྱི་ཁུངས་གཙོ་བོ་ཞིག་ཡིན་ཞིང་། ད་ཆ་དམངས་སྲོལ་གནས་ཚང་གཉེར་མཁན་ཁྱིམ་ཚང་མང་པོ་ཞིག་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་20ཟིན་གྱི་ཡོད”ཅེས་སྲི་ཐར་བུ་ཁྲིད་ཀྱིས་བཤད། ཁྱད་ལྡན་འདེབས་འཛུགས་གསོ་ཚགས་དང་། སྐྱེ་ཁམས་ཡུལ་སྐོར། རྒྱལ་སྒྲོལ་དྲ་ཚོང་ལ་སོགས་དེ་སྔའི་མཐའ་མཚམས་གྲོང་རྡལ་ཆུང་ཆུང་དེ་ད་ཆ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད། ལོ་ངོ་60ཡི་རིང་གི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྦྲགས་ཏེ་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་མཐའ་མཚམས་མང་ཚོགས་ལ་ཡོང་འབབ་བརྟན་པོ་བྱུང་བ་དང་ཤར་པ་བའི་སྲོལ་རྒྱུན་རིག་གནས་ཀྱང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

    ཁྱིམ་ཚང་གི་པར་དེབ་ལ་ལྟ་སྐབས་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་མདོར་བསྡུས་ཤིག་ལ་ལྟ་བ་དང་གཉིས་སུ་མ་མཆིས། སྲི་ཐར་བུ་ཁྲིད་ཀྱི་ནང་མི་ཡོངས་ཀྱི་བརྙན་པར་ནང་ནས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་ཀྱི་བདེན་དཔང་མངོན་པར་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།