ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་དེ་སྔའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ལི་ཝུན་རུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པར་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་པ།
ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་དེ་སྔའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ལི་ཝུན་རུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། ལི་ཝུན་རུང་གི་ཕུགས་བསམ་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་ཡག་པོ་མ་བྱས་པར་བབ་བསྟུན་སླ་བཅོས་བྱས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་སྒྲུབ་ནུས་མི་འདང་བ། རྩ་འཛུགས་ཀྱི་ཞིབ་བཤེར་དང་ལེན་མ་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ། གཞུང་དོན་དྲང་གཞག་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་། ཡུལ་སྐོར། ལུས་སྦྱོང་སོགས་ཀྱི་བྱེད་སྒོར་ཞུགས་པ། སྒྲིག་འགལ་ངང་གཞུང་དངུལ་བཏང་སྟེ་གསོལ་སྟོན་བཤམས་པ། རྩ་འཛུགས་ཀྱི་རྩ་དོན་ལས་འགལ་ཏེ་མི་གཞན་གྱི་གོ་གནས་སྤར་བ་དང་སྒྲིག་འགལ་ངང་ལས་གནས་ལེགས་སྒྲིག་བྱེད་རོགས་བྱས་པ། སྤྱོད་གཙང་གི་མཐའ་ཚད་ཤོར་བ། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པ། ལས་གནས་ཀྱི་དབང་ཆའམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་གཉེན་ཉེའི་ཚོང་གཉེར་བྱེད་སྒོར་རོགས་རམ་བྱས་པ། དབང་ཆ་དང་ཆགས་སྲེད་བརྗེ་ཚོང་བྱེད་པ། ཡོངས་བསྒྲགས་བྱས་མེད་པའི་ཁེ་ལས་བསྐྱར་སྒྲིག་གི་ཆ་འཕྲིན་ཕྱིར་བསྒྲགས་པ། འདོད་རྔམ་ཆེ་བ། སྤྱི་དོན་དབང་ཆ་དེ་སྒེར་གྱི་ཁེ་ཕན་དོན་གཉེར་བྱེད་པའི་ལག་ཆར་བརྩིས་པ། ཚོང་པ་དང་སྦྱིན་བདག་དང་ངན་འབྲེལ་བྱས་ཏེ་རྒྱུ་དབང་བརྗེ་ཚོང་བྱས་པ། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭ་འགན་གཙང་སྤྲོད་པ་དང་། ཁེ་ལས་གཉེར་སྐྱོང་བྱེད་པ། རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་འགོད་པ་སོགས་བྱས་ཏེ་ཁེ་ཕན་རག་ཐབས་བྱས་པ་མ་ཟད། ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་པ་བཅས་རྩད་ཆོད་ཡོད།
ལི་ཝུན་རུང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་སྟབས། ལས་ཐོག་ཉེས་གསོག་ཚབས་ཆེན་གྱི་ཉེས་པ་བསགས་པ་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་མཚམས་དང་ཚོད་མེད་པར་ངོ་བོ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོས་པས་ཐག་གཅོད་ནན་པོ་བྱེད་དགོས་ངེས་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། ལི་ཝུན་རུང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ནས་འབུད་རྒྱུ། ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། དེའི་ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་གཞུང་གཏུག་བྱེད་པར་རྩིས་སྤྲོད་རྒྱུ་མ་ཟད། འབྲེལ་ཡོད་ཀྱི་རྒྱུ་དངོས་ཀྱང་མཉམ་དུ་རྩིས་སྤྲོད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།