སློབ་གསོ་པུའུ་སོགས་སྡེ་ཚན་མང་པོས་ཐབས་མང་མཉམ་སྤྱོད་ཀྱིས་དགེ་རྒན་གྱི་དཔུང་ཁག་འཛུཌ་སྐྱོང་ལ་སྐུལ་འདེད་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་ལག་བསྟར་ཤུགས་ཆེན་བྱེད་པ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ནན་པོ་དང་ཡག་པོ་བྱེད་པ། དགེ་རྒན་གྱི་དཔེ་ཁྲིད་མི་སྐྱོང་གི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ། དགེ་རྒན་གྱི་ཐོབ་ཐང་ལེགས་སུ་དང་འགན་སྲུང་བརྟན་དུ་གཏོང་བ་སོགས། ཚེས་5ཉིན། གསར་འགོད་པས་སློབ་གསོ་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་གཅིག་རིང་། སློབ་གསོ་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་སྟེ། དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་པ་བསྐྲུན་པའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།
གསོ་སྐྱོང་མ་ལག་ལེགས་སུ་གཏོང་བའི་ཐད། སློབ་གསོ་པུའུ་དགེ་རྒན་ལས་དོན་སིའི་སི་ཀྲང་ཡུས་ཝེ་ཡུའེ་ཡིས་ངོ་སྤྲོད་བྱས་དོན། ད་ལོའི“རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཕུལ་བྱུང་དགེ་རྒན་གསོ་སྐྱོང་གི་འཆར་གཞིའི”སློབ་ཐོན་སློབ་མ་ཁག་དང་པོ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ལས་གནས་སུ་འབྱོར་བ་དང་། པུའུ་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་གྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་དེ་དངོས་གཞིའི་ཚན་ཁག་ནས་ཞིབ་འཇུག་སློབ་མའི་བར་རིམ་པ་སྤར་བ་དང་། དབུས་ནུབ་ས་ཁུལ་དུའང“ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞིའི”སྐབས་དང་པོའི་སློབ་ཐོན་སློབ་མ་ཁྲི་གཅིག་ཙམ་འབྱོར་བ་དེས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་རྨང་གཞིའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།
དགེ་རྒན་གྱི་ཐོབ་ཐང་ལེགས་སུ་དང་འགན་སྲུང་བརྟན་དུ་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བའི་ཐད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་གསོ་པུའུ་ཡིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་སྡོད་ཁང་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་དང་མཉམ་དུ་གྲོང་གསེབ་དགེ་རྒན་གྱི་སྡོད་ཁང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། “བགོ་སྒྲིག་བོགས་གཏོང་དང་བགོ་འཚོང” ཟུང་འབྲེལ་གྱི་གྲོང་གསེབ་དགེ་རྒན་གྱི་སྡོད་ཁང་འགན་སྲུང་མ་ལག་ཐོག་མར་བཙུགས་ཡོད། གཞན་ཡང་། ད་དུང་དོན་དངོས་དང་མི་མཐུན་པའི་དགེ་རྒན་གྱི་ཐེར་འདོན་ལ་དུས་ཐོག་ཏུ་གསལ་བཤད་བྱས་ནས། སྤྱི་བདེ་པུའུ་དང་མཉམ་དུ་དགེ་རྒན་ལ་དམའ་འབེབས་གཏོང་བ་དང་མིང་ཆད་བཟོ་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ། དགེ་རྒན་གྱི་གཟུགས་བརྙན་བཟང་པོར་སྲུང་སྐྱོང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།