ཟི་ལིང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ས་ཁོངས་མཉམ་ལས་ལ་མཐུན་རྐྱེན་སྦྱར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པས་རྨ་ཆུ་རྒྱུག་ཁུལ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཚན་རྩལ་མཉམ་ལས་མཉམ་ཞུགས་ཚོགས་འདུ་དང་ཟི་ལིང་ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་གཞན་སྒྱུར་འབྲེལ་མཐུད་ཚོགས་འདུ་སྐབས་དྲུག་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་ཡུལ་དངོས་སུ་ཕུལ་བྱུང་ཚན་རྩལ་གྲུབ་འབྲས་ཁག་197དང་ལག་རྩལ་གྱི་དགོས་མཁོ་ཁག་30མཉམ་དུ་ཁྱབ་བསྒྲགས་བྱས་པ་དེ་དག་འགག་རྩའི་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཐའེ་ཡོན་དང་། ཧུའུ་ཧོ་ཧའོ་ཐེ། ཅི་ནན། ཀྲེང་ཀྲོའུ། ཤིས་ཨན། ལན་ཀྲོའུ། དབྱིན་ཁྲོན། ཝུའུ་ལུའུ་མུའུ་ཆི། ཟི་ལིང་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གནད་སྨིན་འབྲེལ་མཐུད་བྱས་ཏེ“ཚན་རྩལ་གྱི་ཚལ་ཐོ”མཁོ་འདོན་བྱས་ནས། ལག་རྩལ་དང་། ཤེས་ལྡན་པ། མ་དངུལ་སོགས་ཀྱི་གསར་གཏོད་རྒྱུ་རྐྱེན་ཉིད་ས་ཁོངས་བརྒལ་ནས་འཁོར་རྒྱུག་ཐུབ་པར་སྐུལ་འདེད་གཏོང་བ་དང་། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་རིམ་སྤོར་ལ་གཞོགས་འདེགས་བྱ་ཆེད་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཁྱབ་བསྒྲགས་བྱས་པའི་ཕུལ་བྱུང་ཚན་རྩལ་གྲུབ་འབྲས་དག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཚྭ་མཚོ་རྫས་འགྱུར་བཟོ་ལས། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། སྐྱེ་དངོས་སྨན་རྫས། དེང་རབས་ཞིང་ལས། ཆ་འཕྲིན་ལག་རྩལ། སྒྲིག་བཀོད་བཟོ་སྐྲུན་བཅས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད། ལག་རྩལ་གྱི་དགོས་མཁོ་ནི་སྲོལ་རྒྱུན་ཐོན་ལས་ལྗང་མདོག་ཅན་དང་། རིག་ནུས་ཅན་གྱི་སྒྱུར་བཀོད་ལག་རྩལ། གསར་དར་ཐོན་ལས་ཀྱི་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་འགག་སྒྲོལ། ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཀྱི་རིན་མཐོ་ཅན་བེད་སྤྱོད་ལག་རྩལ། ལྗང་མདོག་གྲངས་གཞི་ལྟེ་གནས་འཛུགས་སྐྱོང་དང་ནུས་རྒྱུ་བསྲི་ཚགས་དང་ཟད་གྲོན་ཉུང་གཏོང་ལག་རྩལ། བློ་རིག་གྲོང་ཁྱེར་གྱི་ཉེར་སྤྱོད་ལག་རྩལ། དེ་བཞིན་ས་མཐོའི་ཞིང་འབྲོག་ལས་ཀྱི་ཕན་ཆེ་ཐོན་སྐྱེད་དང་ལས་སྣོན་ལག་རྩལ་སོགས་ལ་དམིགས་ཡོད། དུས་མཚུངས་སུ་ད་རེས་བཟོས་པའི“སྲིད་ཐོན་སློབ་ཞིབ་སྤྱོད”བཅས་གཅིག་འདུས་ཀྱི་འབྲེལ་མཐུད་སྤེལ་རེས་ལས་སྟེགས་བརྒྱུད། རྨ་ཆུ་རྒྱུག་ཁུལ་གྱི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཚན་རྩལ་མཉམ་ལས་མཉམ་ཞུགས་ཚོགས་འདུའི་ལམ་སྲོལ་བཙུགས་པ་དང་། ས་གནས་ཁག་གི་ཚན་རྩལ་མཉམ་ལས་དེ་ལམ་སྲོལ་ཅན་དང་། རྒྱུན་རྣམ་ཅན། གཏིང་ཟབ་ཅན་བཅས་ཀྱི་འཕེལ་རྒྱས་དུས་མཚམས་གསར་རྐྱང་དུ་སླེབས་པར་སྐུལ་འདེད་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།