དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་ངོ་60རིང་གི་ལྷོ་ཁའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1990ལོའི་སྒོར་དུང་ཕྱུར་2.78ནས་2024ལོའི་སྒོར་དུང་ཕྱུར་304.42བར་ཤུགས་ཆེན་འཕར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-07

    ཟླ་9ཚེས་1ཉིན་གསར་འགོད་པས“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི”རིམ་སྤེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་ནས་ཤེས་རྟོགས་བྱས་པར། ལོ་ངོ་60ཡི་རིང་། ལྷོ་ཁ་གྲོང་ཁྱེར་དུ་བཀག་སྡོམ་རྗེས་ལུས་ནས་སྒོ་དབྱེ་ཡར་ཐོན་དང་དབུལ་ཞིང་ཕོངས་པ་ནས་དར་རྒྱས་འབྱོར་ཕྱུག་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་སོང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་ངོ་60ཡི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཕྱོགས་བསྡུས་སྟོབས་ཤུགས་དང་། རྨང་གཞིའི་སྒྲིག་བཀོད། ཁྱད་ལྡན་ཐོན་ལས། དམངས་འཚོའི་བདེ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1990ལོའི་སྒོར་དུང་ཕྱུར་2.78ནས་2024ལོའི་སྒོར་དུང་ཕྱུར་304.42བར་ཤུགས་ཆེན་འཕར་བ་དང་ལོར་ཆ་སྙོམས་14.8%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་1965ལོའི་སྒོར་ཁྲི་100ནས་2024ལོའི་སྒོར་དུང་ཕྱུར་21.4བར་འཕར་བ་དང་ལོར་ཆ་སྙོམས་14%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་1965ལོའི་སྒོར་ཁྲི་126ནས་2024ལོའི་སྒོར་དུང་ཕྱུར་193.81བར་འཕར་བ་དང་ལོར་ཆ་སྙོམས་18%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1978ལོའི་སྒོར་143.5ནས་2024ལོའི་སྒོར་23346བར་མང་དུ་སོང་བ་དང་ལོར་ཆ་སྙོམས་11.7%འཕར་ཡོད།

    རྨང་གཞིའི་སྒྲིག་བཀོད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་གཞུང་ལམ་དང་། ལྕཌ་ལམ། མཁའ་ལམ་བཅས་གཞི་གཅིག་གི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་བཙུགས་པར། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་1965ལོའི་སྤྱི་ལེ་500ནས་2024ལོའི་སྤྱི་ལེ་9835བར་རིང་དུ་ཕྱིན་ཡོད། གྲོང་གསེབ་ཏུ་བདེ་འཇགས་འཐུང་ཆུ་ཁྱབ་ཚད་དང་སྲིད་འཛིན་གྲོང་ཚོར་གློག་དྲ་གཙོ་བོ་ཁྱབ་ཚད་ཚང་མ་100%ཟིན་པ་དང་། 4Gདྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་པ། 5Gདྲ་རྒྱ་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་90%ཙམ་ཟིན་ཡོད།

    ཐོན་ལས་འཕེལ་རྒྱས་སྤུས་འབྲས་ལེགས་གཉེར་བྱུང་ཞིང་། ཞིང་འབྲོག་ལས་ལ་གནམ་ཆུ་སྒུག་མི་དགོས་པར་འབྲུ་རིགས་ཀྱི་ཐོན་འབབ་1965ལོའི་ཏུན་ཁྲི་5.9ནས་2024ལོའི་ཏུན་ཁྲི་17.58བར་འཕར་ཡོད། བཟོ་ལས་ཐད་སྤུས་ལེགས་གཏེར་རྫས་དང་། ནུས་རྒྱུ་གཙང་མ། ཨར་སྐྲུན་རྒྱུ་ཆ་སོགས་གཙོ་བོར་བྱས་པའི་མ་ལག་ཆགས་པ་དང་། ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་304ཟིན་ཏེ། ལྗོངས་ཡོངས་ཀྱི་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་ཡོད།

    སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཞིང་། སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་སྟེ། རིགས་ཁག་གི་སློབ་གྲྭའི་གྲངས་ཚད་1965ལོའི་སློབ་གྲྭ་20ལྷག་ཙམ་ནས་2024ལོའི་467བར་མང་དུ་ཕྱིན་པ་དང་། འོས་འགན་སློབ་གསོ་ཕྱོགས་ཡོངས་ལ་ཁྱབ་གདལ་བྱུང་ནས་ཡིག་རྨོངས་བ་95%ཡན་ནས་རྦད་དེ་མེད་པར་གྱུར་ཡོད། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས། སྨན་བཅོས་སྒྲིག་གཞིའི་ཕྱོགས་བསྡུས་སྨན་ཁང་1ནས་སྨན་ཁང་772བར་འཕེལ་རྒྱས་བྱུང་བ་དང་། འཕྲོད་བསྟེན་ལས་གཉེར་མི་སྣ་བརྒྱའང་མ་ཟིན་པ་ནས་3895བར་མང་དུ་སོང་ཡོད། རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བར། ད་ཆ་སྒྱུ་རྩལ་ཚོགས་པ་14དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་303ཡོད་པར། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ལ་སྤྱི་པའི་རིག་གནས་སྒྲིག་བཀོད་ཕྱོགས་ཡོངས་ལ་ཁྱབ་པ་དང་། སྲོལ་རྒྱུན་དང་དེང་རབས་གལ་ཆེ་མཉམ་འཛིན་དང་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་སྦྱོར་བྱེད་པའི་རིག་གནས་འཛུགས་སྐྱོང་གི་རྣམ་པ་ཞིག་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།