དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སས་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་མགྱོགས་མྱུར་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-07

    ཉེ་ཆར། ཕོ་བྲང་པོ་ཏ་ལའི་ནུབ་དང་ལྕགས་པོ་རིའི་འདབས་སུ་གནས་པའི་ལྷ་སའི་མཐུན་སྒྲིལ་སྤྱི་གླིང་མང་ཚོགས་ཚོར་སྒོ་ཕྱེ་ཞིང་། སྤྱི་གླིང་ནང་ཆུ་མོ་དྭངས་ཤིང་གཙང་བ་དང་། སྔོ་ལྗང་ཤིང་སྣས་བརྒྱན་པ། མེ་ཏོག་རབ་ཏུ་བཞད་པ་བཅས་ཀྱི་རྣམ་པ་མངོན་བཞིན་ཡོད། སྤྱི་གླིང་གི་རི་འཛེགས་ལམ་ནས་ཕོ་བྲང་པོ་ཏ་ལར་ལྟ་སྐབས་མི་ཆོས་རིག་གནས་ཀྱི་གནའ་ཤུལ་དང་རང་བྱུང་ཁམས་ཀྱི་ཡུལ་ལྗོངས་ཕན་ཚུན་གཅིག་ལ་གཅིག་འགྲན་ལྟར་དུ་སྣང་།

    ལྷ་སའི་མཐུན་སྒྲིལ་སྤྱི་གླིང་འཛུགས་སྐྲུན་ནི་ཉེ་བའི་ལོ་ཤས་རིང་ས་གནས་འདི་གའི་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལ་སྤུས་འབྲས་ལེགས་གཉེར་བྱུང་བའི་བསྡུས་རིས་ཤིག་རེད། ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་འཛུགས་སྐྱོང་དང་། གྲོང་ཁྱེར་འཛུགས་སྐྲུན། དཔལ་འབྱོར་འཛུགས་སྐྲུན་བཅས་ཕྱོགས་གསུམ་གྱི་ཐད་ནས་ཤུགས་བརྒྱབ་སྟེ། ས་མཐོའི་གནའ་གྲོང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་མཐུན་རྐྱེན་སྦྱར་བ་སྟེ། གནའ་གྲོང་སྲུང་སྐྱོང་དང་སྒྲིག་ཆས་སྒྱུར་བཀོད་བྱས་པ་བརྒྱུད་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་གསར་སྒྱུར་དང་སོར་འཇོག་ཐུབ་ནས་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་གྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ་དང་། སྤྱི་གླིང་ལ་ཆུ་མོ་དང་སྔོ་ལྗང་གིས་བརྒྱན་པས་སྐྱེ་ཁམས་ཁོར་ཡུག་མཉམ་སྤྱོད་ཐུབ་སྟེ་ས་མཐོའི་སྐྱེ་ཁམས་ཀྱི་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་གསར་པ་བཏོད་པ། གྲངས་འཛིན་ཐོན་ལས་གསར་གཏོད་ཀྱི་དཔལ་འབྱོར་སྒུལ་ནུས་འཕེལ་རྒྱས་བཏང་ནས་མཐོ་སྒང་གི་གནམ་གཤིས་དང་། ནུས་རྒྱུ། ཐཱན་འདུས། སྲིད་ཇུས། མ་གནས་བཅས་ཀྱི་ལེགས་ཆ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་བཅས་རེད།

    ལྷ་སའི་ཁྲོམ་གཞུང་དུ་འཆམ་འཆམ་ལ་སྐྱོད་སྐབས་གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ནས་མི་ཆོས་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པའི“ས་མཐོའི་མུ་ཏིག”འདི་ཉིད་གསོན་ཉམས་དོད་པའི་ཉམས་འགྱུར་ཐོག་ནས་སྐྱེ་སྟོབས་ཀྱིས་ཕྱུག་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་མཆིས།

    གནའ་གྲོང་སྔོན་ལ་སྲུང་སྐྱོང་བྱས་པ།

    གྲོང་ཁྱེར་གསར་སྒྱུར་ནང་གནའ་དེང་གི་རྣམ་པ་མཉམ་འདྲེས་བྱས་པ།

    ལྷ་སའི་ལྟེ་བར་གནས་པའི་བར་སྐོར་གནའ་གྲོང་ལས་རྣམ་པ་གསར་རྐྱང་ཞིག་མངོན་བཞིན་ཡོད།

    བར་སྐོར་གྱི་གཞོགས་ལྷོར་གནས་པའི་གཟིམ་ཤག་བཤད་སྒྲ་ནི་རྡོ་ཤིང་ལས་གྲུབ་པའི་བོད་བཟོའི་གཟིམ་ཤག་གི་དཔེ་མཚོན་ཞིག་ཡིན་པ་དང་དེར་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན།

    དེའི་གདུང་མ་དང་། སྒོ་དང་སྒེའུ་ཁུང་བཅས་ལ་ཚོན་སྣ་ཚོགས་བཏང་བས་བོད་བཟོའི་གནའ་ཉམས་ཤིག་མངོན་འོང་། ད་ལོ་ལོ་70ལ་སླེབས་པའི་བགྲེས་སོང་འཕྲིན་ཕུར་གྱིས་ཉམས་གསོ་བྱས་ནས་རྣམ་པ་གསར་རྐྱང་དུ་གྱུར་པའི་སྲང་ལམ་ལ་ལྟ་ཞོར་སེམས་འགུལ་ཆེན་པོས། “གོག་རོར་གྱུར་པའི་རྩིག་ཟུར་དག་ཉམས་གསོ་བྱས་པ་ལས་སྤྱི་ཡོངས་ལ་སྒྱུར་བཀོད་བྱས་མེད་སྟབས། ཆུང་དུས་ཀྱི་དྲན་གསོ་བྱེད་ཡུལ་སྔར་བཞིན་རང་སོར་གནས་ཡོད”ཅེས་བརྗོད།

    ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་3.95བཏང་ནས་གྲོང་ཁུལ་རྙིང་པའི་རྣམ་པ་བཅོས་སྒྲིག་གི་ལས་གྲྭར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་ནང་། བར་སྐོར་གནའ་གྲོང་གི་ཁང་པ་13གཙོ་གནད་ཐོག་ཨར་སྐྲུན་ཉམས་གསོ་དང་། ཁང་པ་547གྱི་སྤྱི་པའི་ཁོར་ཡུག་འཛུགས་སྐྲུན་ཉམས་གསོ། གྲོང་ཁུལ་རྙིང་པའི་ཁང་པ་28གཙོ་གནད་ཐོག་ཨར་སྐྲུན་བཅོས་སྒྲིག་དང་། དེ་བཞིན་ཁང་པ་485ལ་སྤྱི་པའི་ལེ་ལག་ཚང་བའི་ཨར་སྐྲུན་ཞབས་ཞུའི་སྒྲིག་བཀོད་ཀྱི་རྒྱུན་ལྡན་ཉམས་གསོ་བྱས་པ་བཅས་ཚུད་ཡོད། ད་ལོའི་ལོ་སྟོད་དུ། བར་སྐོར་གནའ་གྲོང་གི་ཡུག་ཁུལ་བྱང་མའི་པེ་ཅིང་ཤར་ལམ་གྱི་རྨང་་གཞིའི་སྒྲིག་བཀོད་སྒྱུར་བཅོས་རྣམ་གྲངས་ཉིན་45ཡི་ནང་ལེགས་གྲུབ་བྱུང་ནས། མིག་སྔར“ལྷ་སའི་མྱུར་ཚད”ཀྱི་མཚོན་ཚུལ་དུ་གྱུར་ཡོད།

    “ཆུ་བོ་དང་སྔོ་ལྗང་གིས་བརྒྱན་པའི་གྲོང་ཁྱེར”

    གྲོང་ཁྱེར་གྱི་རྣམ་པ་ཧ་ཅང་མཛེས་སུ་ཕྱིན་པ།

    གྲོང་ཁྱེར་གྱི་སྤྱི་གླིང་སྐྲུན་རྒྱུ་ནི་ལྷ་སའི“ཆུ་བོ་དང་སྔོ་ལྗང་གིས་བརྒྱན་པའི་གྲོང་ཁྱེར”འཛུགས་སྐྲུན་འཆར་འགོད་ཁྲོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་རེད། ལྷ་ས་གྲོང་ཁྱེར་གྱིས“སྐྱེ་ཁམས་གྲོང་འཛུགས” ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། “རི་གཉིས”ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ནས“ཆུ་བོ”དང“སྔོ་ལྗང”གི་ལས་དོན་ཧུར་ཐག་བསྒྲུབས་པས་གྲོང་ཁྱེར་གྱི་རྣམ་པ་ཧ་ཅང་མཛེས་སུ་ཕྱིན་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་ལུང་ཤུར་གྲོང་ཁྱེར་གྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། འགྱིག་བལ་གྲོང་ཁྱེར་བསྐྲུན་པའི་གསར་གཏོད་ཀྱི་ལག་རྩལ་དང་དཔེ་གཞིར་ཕྱོགས་སྡོམ་བྱས་ཡོད། ལྟེ་བའི་གྲོང་ཁུལ་གྱི་ཆུ་བཅོས་ཀྱི་དུས་ཐེངས་གཉིས་པའི་ལས་གྲྭས་གྲོང་ཁྱེར་གྱི་ཆུ་འཁོར་སྐྱོད་མ་ལག་ལེགས་སུ་བཏང་ནས། ཆུ་ཁར་འགྲོ་ས་བཟོས་ཡོད། ལྷ་ཀླུ་འདམ་ར་སྲུང་སྐྱོང་དང་དེ་བཞིན་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ནུས་མཐོར་གཏོང་ལས་གྲྭས་འདམ་རའི་སྐྱེ་ཁམས་དང་། སྙོམས་སྒྲིག གཙང་སེལ་སོགས་འགྱིག་བལ་གྱི་བྱེད་ནུས་སྔར་བས་ཆེ་རུ་བཏང་ཡོད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་དུ་གྲོང་ཁྱེར་གྱི་ཆུ་རྒྱུད་སྤྱི་ལེ་62.5བསྐྲུན་པ་ལས་གྲོང་ཁྱེར་གྱི་ཆུ་བོའི་རྒྱ་ཁྱོན་སྤྱི་ཆིང་800ཙམ་མང་དུ་དང་། གྲོང་ཁྱེར་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་14ཙམ་སླར་གསོ་བྱས་ཡོད་པ་རེད།

    གཞི་ཁྱོན་ཆེན་པོས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ཤུགས་ཆེན་བྱས་ནས། གྲོང་ཁྱེར་གྱི་གཞུང་ལམ་སྔོ་འགྱུར་དང་། སྤྱི་གླིང་སྔོ་འགྱུར། སྒོ་ར་སྔོ་འགྱུར་བཅས་ལ་སྐུལ་འདེད་རྒྱུན་མཐུད་བཏང་བ་དང་། གྲོང་ཁྱེར་གྱི་སྔོ་འགྱུར་བདག་སྐྱོང་གི་འགན་འཁྲིའི་མ་ལག་དང་ཚད་གཞིའི་མ་ལག་རྒྱུན་མཐུད་ལེགས་སུ་བཏང་སྟེ། ལྷ་ས་འདི་ཉིད་རིམ་བཞིན“གྲོང་ཁྱེར་དུ་ནགས་ཚལ་གྱིས་ཁྱབ་པ་དང་། གཞུང་ལམ་སྔོ་ལྗང་གིས་བརྒྱན་པ། ཁང་པ་སྐྱེད་ཚལ་ཁྲོད་གནས་པ། མི་རྣམས་ཡུལ་ལྗོངས་ཁྲོད་འཚོ་བ”བཅས་ཀྱི་ས་མཐོའི་སྡོད་མལ་ལ་འཚམ་པའི་སྐྱེ་ཁམས་ཀྱི་གྲོང་ཁྱེར་ཞིག་ཧུར་ཐག་བཏོད་ཡོད།

    2021ལོར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དངོས་སུ་སྤེལ་འགོ་ཚུགས་པར། ལོ་10ཡི་རིང་ནགས་བཟོ་མུའུ་ཁྲི་206.72བྱེད་པའི་འཆར་གཞི་ཡོད་པ་རེད། མིག་སྔའི་བར། མུའུ་ཁྲི་90ལ་ནགས་བཟོ་ཟིན་ནས་ཤིང་སྣ་མི་གཅིག་པ་སོན་དུང་ཕྱུར་1.2ལྷག་ཙམ་བཏབ་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། ན་ནིང་ལྷ་སའི་མཐའ་འཁོར་དུ་ལོར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་393.1ཟིན་པ་དེ་ལོ་འཁོར་མོའི་དུས་མཚུངས་ལས་ཧའོ་སྨི་4.8འཕར་ཡོད། ད་ལོའི་ལོ་སྟོད་དུ་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་149.4ཟིན་ནས་ཧའོ་སྨི་29འཕར་བ་དང་། བལྟོས་བཅས་ཀྱི་བརླན་ཚད་36.4%ཟིན་ནས་བརྒྱ་ཆའི་གྲངས་0.2འཕར་ཡོད།

    “གྲངས་འཛིན་གྲོང་དར”ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།

    གསར་གཏོད་སྒུལ་ནུས་ཀྱིས་འབྱུང་འགྱུར་བསུས་པ།

    ཟླ་7ཚེས་17ཉིན། 2025ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ལྷ་སའི་མཐོ་རིམ་གླེང་སྟེགས་ལྷ་ས་མང་ཚོགས་རིག་རྩལ་ལྟེ་གནས་སུ་འགོ་ཚུགས་ཤིང་། གྲངས་འཛིན་ཚོད་འཛིན་གྱི་ལིང་ཚེ་སྤོ་ལོའི་འོད་གྲིབ་འགྲེམས་སྟོན་ཐོག་རེས་མོས་ངང་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་མཚོན་པའི་ལོ་རྒྱུས་པར་རིས་དང་འབྱུང་འགྱུར་གྲོང་ཁྱེར་གྱི་གྲངས་འཛིན་རིག་ནུས་རྣམ་པ་སྟོན་ཡོད།

    ས་མཐོའི་གནམ་གཤིས་དང་། ནུས་རྒྱུ། ཐཱན་འདུས། སྲིད་ཇུས། མ་གནས་བཅས་ཀྱི་ལེགས་ཆ་ཆེན་པོ་ལྔ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བཞིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ལྷ་སས་གྲངས་འཛིན་དཔལ་འབྱོར་འཛུགས་སྐྲུན་གྱི་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”རྩིས་ནུས་ལྟེ་གནས་དང་། རིག་ནུས་རྩིས་རྒྱག(ལས་སྟེགས)འཕེལ་རྒྱས་ཤུགས་ཆེན་བཏང་ནས། རྒྱལ་ཁབ་ཀྱི“ཕྱོགས་གཉིས་མཐུན་སྦྱོར”གྱི་ཕྱོགས་བསྡུས་ཚོད་ལྟའི་ལས་དོན་ཁག་དང་པོར་སྐུལ་འདེད་མགྱོགས་མྱུར་བཏང་བ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་ཁེ་ལས་སྣ་ཚོགས་4000ཙམ་ཟིན་པའི་ནང་། གཞི་ཁྱོན་ཡན་གྱི་གྲངས་འཛིན་དཔལ་འབྱོར་ཁེ་ལས་35ཡོད་པ་རེད།

    གྲངས་འཛིན་དཔལ་འབྱོར་ཐོན་ལས་ཐད་གློག་འཕྲིན་དང་། རླུང་འཕྲིན་བརྙན་འཕྲིན། སྲུང་སྐར་བརྒྱུད་གཏོང་ཞབས་ཞུ་བཅས་ཀྱི་ལས་རིགས་ལས་མཉེན་ཤུགས་ཆེན་པོ་མངོན་ནས། ཆ་འཕྲིན་ལག་རྩལ་ཞབས་ཞུ་དང་། དྲ་ཐོག་ཚོང་དོན་སོགས་འཕེལ་ཕྱོགས་མངོན་གསལ་དོད་དུ་ཕྱིན་པ་ལས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི“བོད་ཀྱི་མ་དཔེ”གཏོད་བཞིན་ཡོད།

    ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱིས་བཙུགས་པའི་ཡུན་གནས་ཡན་ལག་ཚོགས་ར་གཅིག་པུ་ཡིན་པའི་ལྷ་སས་ལས་སྟེགས་དེ་གང་ལེགས་སྤྱད་པས། ཆ་འཕྲིན་དང་གོ་སྐབས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་དང་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ། ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་། ལས་རིགས་མཐུན་ཚོགས། སྲིད་གཞུང་ལས་ཁུངས། ཁེ་ལས་བཅས་དབར་གྱི་སྣ་མང་ཅན་དང་རིམ་པ་མང་བའི་མཉམ་ལས་འབྲེལ་བ་ཕྱོགས་ཡོངས་ནས་བཙུགས་པ། “ལེགས་ཆ་ཆེན་པོ་ལྔའི”ནུས་པ་གང་ལེགས་བཏོན་ཏེ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེན་ཡོང་བའི་མ་འཇོག་ཐེབས་རྩ་ཡག་པོ་སྤྱོད་པ་དང་འདང་ངེས་སྤྱོད་པ། པེ་ཅིང་དང་ཅང་སུའུ་ཡི་གྲངས་འཛིན་དཔལ་འབྱོར་གྱི་ས་སྒྲོལ་ཐོན་ལས་གླིང་འཛུགས་པར་འཚོལ་ཞིབ་དང་འཕེལ་རྒྱས་ཀྱི་མཐུན་ཆ་ཆེ་ཤོས་ཧུར་ཐག་འཚོལ་བ་བཅས་བྱས་ནས། ལྷ་སའི་གྲངས་འཛིན་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་བཏང་བ་ལས། གྲངས་འཛིན་སྦྲེལ་ཟམ་ཧི་མ་ལ་ཡ་བརྒལ་ནས་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་དེ་བས་ལེགས་པ་སྐྲུན་དགོས་ཞེས་བཤད།

    (《རྒྱང་ལྟ》དུས་དེབ་ཀྱི་2025ལོའི་འདོན་ཐེངས་34པ་ནས་བརྒྱུད་བཀོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།