དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-06

    ཟླ་9ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་མཁན་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་དང་མཇལ་འཛོམས་གནང་བ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་དེ་ཀྲུང་ཙམ་རྒྱལ་ཁབ་གཉིས་ཀྱི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱེད་པའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཀྲུང་ཙམ་འབྲེལ་བ་གནས་འཁེལ་རིམ་སྤོར་བྱེད་པ་གོ་སྐབས་སུ་བྱས་ཏེ། མཉམ་ལས་ཀྱི་བསམ་ཕྱོགས་གསར་གཏོད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཏེར་ལས། མ་འཇོག ཚོང་དོན་སོགས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་སྤུས་ལེགས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེ་ཕྱོགས་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། ཙམ་པབ་ཝེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱེད་འདོད་ཡོད། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གྲོས་འགོ་མཉམ་དུ་དོན་འཁྱོལ་དང་། རྒྱལ་སྤྱིའི་འདུམ་འགྲིག་ཁང་ཡག་པོ་འཛུགས་པ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡིན།

    མུའུ་ནན་ཅ་ཀུའུ་ཝ་ཡིས་གསུངས་དོན། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་ལ་བརྟན་པོར་ངེས་ནས། འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་མཐའ་འཁྱོངས་བྱེད་དགོས། ཙམ་ཀྲུང་འབྲེལ་བ་ལོ་45རིང་འཕེལ་རྒྱས་ཕྱིན་པ་བརྒྱུད། ཉིན་རེ་བཞིན་ཟབ་ཏུ་དང་བརྟན་དུ་སོང་ཡོད། ཙམ་པབ་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་དང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། རྒྱལ་སྤྱིའི་འདུམ་འགྲིག་ཁང་འཛུགས་རྒྱུའི་དར་སྲོལ་བཏོད་པ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྒོ་ཁྲལ་མེད་པ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་ལས་དོན་ཁྲོད་དེ་བས་དགེ་མཚན་ལྡན་པ་དང་ནུས་པ་གལ་ཆེན་ཉིན་བཞིན་འདོན་གྱི་ཡོད། ཙམ་པབ་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་ཡོད་གྲོས་འགོ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།