ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་གྲོགས་པོའི་འཐུས་མིར“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི”དྲན་གསོའི་རྟགས་མ་སྤྲད་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི”དྲན་གསོའི་རྟགས་མ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ནས་རྒྱལ་སྤྱིའི་གྲོགས་པོའི་འཐུས་མི་55ལ་དྲན་གསོའི་རྟགས་མ་སྤྲད་པ་རེད། དབྱི་ཐ་ལིའི་ཙུང་ལི་ཟུར་པ་ཏ་ལའེ་མ་དང་། རོ་མ་ནི་ཡའི་ཙུང་ལི་ཟུར་པ་ཏེང་ཆི་ལེ། ཨོ་སི་ཁྲུ་ལི་ཡའི་ཝེ་ཏུའོ་ལི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་ཟུར་པ་ཨན་ཏེ་ལུའུ་སི། དེ་བཞིན་རྒྱལ་ཁབ་14ནས་ཡོང་བའི་རྒྱལ་སྤྱིའི་གྲོགས་པོའམ་ཡང་ན་འདས་པོའི་གཉེན་ཉེའི་འཐུས་མི་60བཅས་མཛད་སྒོར་ཞུགས་པ་རེད།
ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཝན་མིང་གིས་ཤིས་ཚིག་སྒྲོན་སྐབས། རྟགས་མ་སྤྲོད་པའི་མཛད་སྒོ་སྤེལ་བའི་དམིགས་ཡུལ་ནི་སྔོན་གཤེགས་དཔའ་བོར་དྲན་གསོ་དང་གྲོགས་པོར་གུས་འདུད་ཞུ་ཆེད་ཡིན། གྲོགས་པོ་རྣམ་པས་ཞི་བདེ་སྲུང་སྐྱོང་གི་བློ་སྟོབས་བརྟན་དུ་གཏོང་བ་དང་། དྲང་བདེན་སྲུང་སྐྱོང་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དམངས་སེམས་གཅིག་མཐུན་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས། དྲན་གསོའི་བྱེད་སྒོར་ཞུགས་པ་འགོ་འཛུགས་ས་གསར་པར་བརྩིས་ཏེ་ལོ་རྒྱུས་ཀྱི་དྲན་ཤེས་སྲུང་སྐྱོང་བྱེད་མཁན་དང་། དར་རྒྱས་འཕེལ་རྒྱས་གཏོང་བའི་མཉམ་སྐྱོད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་མཁན་བཅས་བྱས་ཐོག་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ཆེད་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་མཚམས་སུ། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་གྲོགས་པོ་ཁྱོན་100ལྷག་ཙམ་ལ“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི”དྲན་གསོའི་རྟགས་མ་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།