ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དམིགས་བསལ་འགྲེམས་སྟོན་གཉེར་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མི་རིགས་ཀྱི་བླ་སྲོག་མཉམ་དུ་གཏོད་ཅེས་པའི་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ་དང་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དམིགས་བསལ་འགྲེམས་སྟོན་ཐའེ་དབན་མནའ་འབྲེལ་ལོ་རྒྱུས་བཤམས་སྟོན་ཁང་དུ་གཉེར་བ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཐའེ་དབན་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ་ཡིས་དམིགས་བསལ་འགྲེམས་སྟོན་གཉེར་བའི་ཁྱབ་བསྒྲགས་བྱས་ཤིང་། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཡིན་པའི་ཅང་ལི་ཕིང་གིས་ཤིས་ཚིག་སྒྲོན་སྐབས། ཐེངས་འདིའི་འགྲེམས་སྟོན་ལ་གཙོ་དོན་གཉིས་མངོན་གསལ་དོད་པ་སྟེ། གཅིག་ནི་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་སྔོན་བྱོན་པ་ཚུད་པའི་སྤུན་ཟླ་ཐའེ་དབན་བས་རི་པིན་གྱི་མི་སེར་སྤེལ་བའི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་དང་རྒྱལ་གཅེས་རིང་ལུགས་ཀྱི་གཟི་བརྗིད་སྲོལ་རྒྱུན་མངོན་པ་དང་། གཉིས་ནས་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་སྔོན་བྱོན་པ་ཚབ་མཚོན་དུ་བྱས་པའི་སྤུན་ཟླ་ཐའེ་དབན་བས་རྒྱལ་ཁབ་སྐྱོབ་གནས་ཐུབ་པའི་འཐབ་རྩོད་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་རིམ་བཞིན་ཁས་ལེན་བྱས་པ་མངོན་གསལ་དོད་དུ་བཏང་ནས། མི་རིགས་བཅིངས་འགྲོལ་དང་རྒྱལ་ཁབ་གཅིག་གྱུར་གྱི་འཕེལ་རིམ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གི་སྲོག་ཤིང་ཀ་རྟེན་གྱི་ནུས་པ་མངོན་ཡོད། དམིགས་བསལ་འགྲེམས་སྟོན་བརྒྱུད་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཐའེ་དབན་གྱི་བདག་དབང་སླར་གསོའི་རྒྱུད་རིམ་ལ་བསྐྱར་དྲན་དང་སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ་རྗེས་དྲན་ཞུ་བའི་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ལག་གདང་སྦྲེལ་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་རེ་བ་ཡོད་ཅེས་བརྗོད།
ད་ཐེངས་ཀྱི་དམིགས་བསལ་འགྲེམས་སྟོན་ནང་ལོ་རྒྱུས་ཀྱི་པར་རིས་དང་ཡིག་ཚགས་སོགས་ཁྱོན་300ལྷག་ཙམ་འགྲེམས་སྟོན་བྱས་ནས། “མི་ལྔ་ཡིས་ཞུ་ཡིག”ཕུལ་ཏེ་ཐའེ་དབན་མངའ་ཁོངས་བཅད་སྤྲོད་ལ་ངོ་རྒོལ་བྱེད་པ་དང་སྤུན་ཟླ་ཐའེ་དབན་བས་བདག་དབང་སླར་གསོ་བྱུང་བར་དགའ་སྤྲོའི་རྟེན་འབྲེལ་ཞུས་པ་སོགས་ཀྱི་ལོ་རྒྱུས་ཀྱི་རྣམ་པ་གཙོ་གནད་ཐོག་མངོན་པར་བྱས་ཡོད། ཀྲུང་དབྱང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་། ཐའེ་དབན་གླིང་ཕྲན་ནང་ཁུལ་གྱི་སྐུ་མགྲོན། གཞོན་ནུའི་འཐུས་མི་སོགས་མཛད་སྒོར་ཞུགས་པ་དང་འབྲེལ་འགྲེམས་སྟོན་ལ་ལྟ་སྐོར་ཡང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།