གངས་ལྗོངས་མཐའ་མཚམས་འགག་སྒོ་ནས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་བར།
བོད་ཀྱི་མཐའ་སྲུང་བ་གསུམ་པོའི་མཛད་གཟིགས་མྱོང་ཚོར།
ཟླ་9ཚེས་3ཉིན། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག བོད་ནས་ཡོང་བའི་མཐའ་སྲུང་བ་ཝང་ཝེ་དང་། བསོད་ནམས་དར་རྒྱས། སྐལ་བཟང་བསྟན་འཛིན་བཅས་གདན་ཞུས་ལྟར་མཛད་གཟིགས་སྟེགས་བུར་འཛེགས་ནས་མེས་རྒྱལ་སྟོབས་འབྱོར་ཆེ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད།
ཁོང་ཚོའི་ངོས་ནས་བརྗོད་ན། མེས་རྒྱལ་གྱི་མཐའ་མཚམས་ནས་རྒྱལ་ས་པེ་ཅིང་བར་དང་། རྒྱུན་གཏན་གྱི་ལས་གནས་ནས་གཟི་བརྗིད་ལ་བདེན་དཔང་བྱེད་པའི་བར་ནི་ལེ་དབར་སྟོང་ཕྲག་བརྒལ་བའི་འགྲུལ་བཞུད་ཅིག་རེད་ལ། ཡུལ་དུས་ལས་བརྒལ་བའི་བསམ་པའི་སྤེལ་རེས་ཤིག་དེ་བས་ཀྱང་རེད། རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲ་ནམ་མཁའི་དབྱིངས་སུ་གྲགས་པ་དང་རུ་སྟར་གྲུ་བཞི་རྔམ་བརྗིད་ལྡན་པའི་ངང་མདུན་སྐྱོད་བྱེད་པ་མཐོང་སྐབས། ཁོང་ཚོའི་མིག་ཟུང་གི་མཆི་མ་དང་ནང་སེམས་ཀྱི་སྤྲོ་བ་ནི་དུས་ཡུན་རིང་པོའི་མཐའ་སྲུང་གི་བརྩེ་བ་མཉམ་སྐྱེ་ཞིག་ཡིན་ལ་རླབས་ཆེན་མེས་རྒྱལ་ལ་མཚོན་པའི་ཟོལ་མེད་ཀྱི་བརྩེ་བ་ཞིག་དེ་བས་ཀྱང་རེད།
ཝང་ཝེ་ཡིས་བརྗོད་དོན། ཁྲག་དྲོན་ལས་མཐའ་མཚམས་ཀྱི་འགོག་སྲུང་འཛིང་རགས་གྲུབ་ཡོད།
“ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ཉན་པ་དང་དམག་གཟིགས་ལ་ལྟ་རྒྱུ་བྱུང་བ་དེས་ངའི་སེམས་ཤུགས་རབ་ཏུ་འཕེལ་སོང” རྒྱལ་ཡོངས་ཀྱི་གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས་ཀྱི་འཐུས་མི་ཡིན་པའི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་མཐའ་མཚམས་དོ་དམ་རུ་ཆེན་གྱི་ཆབ་སྲིད་སློབ་སྟོན་པ་ཝང་ཝེ་ཡིས་མཛད་གཟིགས་ཀྱི་མྱོང་ཚོར་གླེང་སྐབས་སྔར་བཞིན་སེམས་འགུལ་ཆེན་པོ་སྐྱེ་གི་ཡོད།
རྟེན་འབྲེལ་མེ་སྒྱོགས་80ཡི་སྒྲ་གནམ་ས་སྒུལ་བ་ལྟར་གྲགས་པ་དང་སྐར་ལྔའི་དར་དམར་ཞོགས་པའི་ཉི་གཞོན་གྱི་ཁྲོད་དུ་དལ་བུར་བསྒྲེངས། སྐབས་དེར་ཁོང་ལ་གངས་ལྗོངས་ས་མཐོའི་ཐོག་གི་སྐོར་གཡེང་བྱེད་ཐེངས་རེ་རེ་དང་ལས་གནས་བརྟན་སྲུང་བྱེད་པའི་ཉིན་མཚན་རེ་རེ་སེམས་ལ་ལྷང་ངེར་དྲན་པ་མ་ཟད། ད་དུང་དེ་སྔོན་མཉམ་དུ་འབད་འཐབ་བྱེད་མྱོང་བའི་མཐའ་མཚམས་ཀྱི་འཐབ་ས་དང་པོའི་འཐབ་འཛིང་པ་དག་ཀྱང་ལྷང་ངེར་དྲན།
“སྔོན་གཤེགས་དཔའ་བོ་རྣམས་ཀྱིས་ཚེ་སྲོག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་ལ་རྒྱ་བརྩོན་ལེན་བྱས་ཡོད་པས། ང་ཚོ་མི་རབས་ནས་མི་རབས་བར་གྱིས་འབད་འཐབ་ལ་བརྟེན་ནས། སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དགོས” ཝང་ཝེ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དེ་སྒུལ་ཤུགས་སུ་བསྒྱུར་བར་བྱས་ནས་ནུས་ཤུགས་ཡོད་རྒུས་མཐའ་སྟོབས་དང་མཐའ་བརྟན་ཀྱི་སྲུང་བཅད་བརྟན་པོར་སྐྲུན་པ་དང་། ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་བདེ་འཇགས་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བློ་བརྟན་འགྱུར་མེད་ངང་བརྗོད།
བསོད་ནམས་དར་རྒྱས་ཀྱིས་བརྗོད་དོན། ལྷག་བསམ་རྣམ་དག་ངང་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད།
“དཔའ་བོ་དཔེ་བཟང་གི་འཐུས་མིའི་ཐོབ་ཐང་ཐོག་ནས་འདིར་ལངས་རྒྱུ་བྱུང་བ་ནི་མཐའ་སྲུང་མི་དམངས་ཉེན་རྟོག་པ་ཚང་མར་གཟེངས་བསྟོད་མཐོ་ཤོས་གནང་བ་ཞིག་རེད” ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་མཐའ་མཚམས་དོ་དམ་རུ་ཆེན་གྱི་ཆབ་སྲིད་སློབ་སྟོན་པ་བསོད་ནམས་དར་རྒྱས་ཀྱི་སྐད་ཆའི་ནང་སྤོབས་སེམས་ཀྱིས་ཁེངས།
མཛད་གཟིགས་འདི་ལས་ཁོང་ལ་མེས་རྒྱལ་གྱི་རྒྱལ་སྲུང་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་ཚོར་སྣང་གཏིང་ཟབ་བྱུང་ཡོད་ལ། “གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པའི”དེད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད། ཁོང་གིས། ད་ཐེངས་ཀྱི་མཛད་གཟིགས་འགོ་འཛུགས་ས་གསར་པར་བྱས་ནས། ལས་གནས་སུ་གཞི་ཚུགས་ཏེ་བོད་ཀྱི་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བྱས་ནས་མཐའ་མཚམས་མང་ཚོགས་ཀྱི་འཛུམ་མདངས་དེ་རང་ཉིད་ཀྱི་འབད་འཐབ་ཀྱི་གཟེངས་རྟགས་མཛེས་ཤོས་སུ་འགྱུར་བར་བྱེད་ཀྱི་ཡིན་ཞེས་བརྗོད།
སྐལ་བཟང་བསྟན་འཛིན་གྱིས་བརྗོད་དོན། སྤྱིར་བཏང་གི་བརྟན་སྲུང་ཁྲོད་ཀྱི་བྱ་གཞག་རླབས་པོ་ཆེ།
ལྷོ་ཁ་གྲོང་ཁྱེར་མཚོ་སྣ་གྲོང་ཁྱེར་སླད་མོན་པ་མི་རིགས་ཤང་གི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་སྐལ་བཟང་བསྟན་འཛིན་གྱིས“ངས་ཆུང་དུས་པཱ་ལགས་དང་མཉམ་དུ་ཕྱུགས་འཚོ་གྱིན་མཐའ་མཚམས་སྲུང་གི་ཡོད། ད་ཆ་དགུ་གསུམ་དམག་གཟིགས་མཛད་སྒོར་དངོས་སུ་ཞུགས་ཐུབ་པ་ནི་ཚེ་འདིའི་བརྗེད་པར་དཀའ་བའི་གཟི་བརྗིད་ཅིག་ཡིན”ཞེས་བབ་ཆགས་པའི་སྐད་ཆའི་ཐོག་ནས་སེམས་གཏིང་གི་དགའ་ཚོར་བརྗོད།
ཉིན་དེར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་རྐང་ཐང་རུ་སྟར་གྲུ་བཞིས་གྲལ་འགྲིག་པའི་གོམ་སྟབས་སྤོས་ཤིང་སྐད་གསེང་མཐོན་པོས་འབོད་ཚིག་སྒྲོག་བཞིན་བསྐྱོད་པ་མཐོང་སྐབས། ཁོང་གིས། རང་ཉིད་དང་རུ་གྲོགས་ཚོས་མཐའ་མཚམས་སུ་སྐོར་ཞིབ་བྱེད་པའི་རྣམ་པ་ཡིད་ལ་དྲན་པ་དང་། སྔོན་ཐོན་གྱི་གོ་མཚོན་དང་སྒྲིག་ཆས་དེ་དག་མཐོང་བས་ཁྱིམ་གཞིས་སྲུང་སྐྱོང་བྱེད་པར་རྒྱབ་རྟེན་བརྟན་པོ་ཞིག་ཡོད་པ་ཤེས།
“རྒྱལ་སྲུང་གི་སྟོབས་ཤུགས་ཆེན་པོ་འདི་འདྲ་ཡོད་པས་ང་ཚོས་མཐའ་མཚམས་སྲུང་སྐྱོང་བྱེད་པའི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང” རྩྭ་ཐང་གི་རྫི་བོ་ཞིག་ནས་དམག་གཟིགས་མཛད་སྒོར་ཞུགས་མཁན་སྐུ་མགྲོན་བར། སྐལ་བཟང་བསྟན་འཛིན་གྱི་གོམ་སྟབས་རེ་རེ་ནི་དུས་རབས་གསར་པའི་མཐའ་མཚམས་འཕེལ་རྒྱས་དང་མི་དམངས་བདེ་སྐྱིད་ཀྱི་འགྲེལ་བཤད་གསོན་ཉམས་ལྡན་པ་ཞིག་རེད།
རུ་སྟར་གྲུ་བཞི་མཐའ་མ་དེ་སྐྱོད་སྐབས་ཐང་ཆེན་གྱི་བར་སྣང་དུ་ཚོན་ལྡན་ལྒང་ཕུག་དང་བཞི་བདེའི་ཕུག་རོན་དཀར་པོས་ཁེངས་ཤིང་། མཐའ་སྲུང་བ་གསུམ་སེམས་འགུལ་ཚད་མེད་ཐེབས་ནས་སེམས་པ་རྣལ་དུ་འབབ་དཀའ་བར་གྱུར། མཐའ་མཚམས་འགག་སྒོ་ནས་པེ་ཅིང་གི་བར་དང་། བརྟན་སྲུང་བྱེད་པ་ནས་དཔང་པོ་བྱེད་པའི་བར་སོགས་གངས་ལྗོངས་ལ་སྲུང་སྐྱོང་བྱེད་མཁན་འདི་དག་གིས་རང་ཉིད་ཀྱི་ལང་ཚོ་མེས་རྒྱལ་གྱི་མཐའ་མཚམས་ལ་ཕུལ་ཡོད་པ་རེད།
ཁོང་ཚོས་མེས་རྒྱལ་གྱིས་གནང་བའི་གཟི་བརྗིད་དང་སྟོབས་ཤུགས་བསྣམས་ཏེ་ཕྱིར་གངས་ལྗོངས་ས་མཐོའི་ལས་གནས་ཐོག་ལོག་ནས་ཚེ་སྲོག་ལ་བརྟེན་ནས་མཐའ་མཚམས་སྲུང་སྐྱོང་དང་ལྷག་བསམ་ལ་བརྟེན་ནས་རླབས་ཆེ་བའི་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་ཚད་མེད་མཚོན་པར་བྱ་རྒྱུ་རེད། གང་ཡིན་ཞེ་ན། ཁོང་ཚོས་རང་ཉིད་ཀྱི་རྒྱབ་རྟེན་ནི་དཔའ་ངར་ཆེན་པོས་མདུན་སྐྱོད་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོ་ཡིན་པ་གསལ་པོར་ཤེས་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།