དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས་ངལ་རྩོལ་འགན་སྲུང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

    ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ངལ་རྩོལ་རྩོད་གཞི་འདུམ་གཅོད་དང་གྱོད་ཐག་གཅོད་ཚད་96%ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-06

    ལས་ཞུགས་ཐབས་རྣམ་གསར་པའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་ཐད“གཅིག་འཐུས་རྣམ་པའི”ས་ཚིགས་ཡོད་པ་དང་། ཞིང་པ་ལས་མིའི་གླ་ཆ་འདེད་ལེན་ཐད“མྱུར་གཅོད”ཐོགས་མེད་བགྲོད་ལམ་བཏོད་པ། ཁེ་ལས་ཀྱི་སྒོ་རྩར“མི་སྤྱོད་བརྟག་དཔྱད”ཀྱི་འདུམ་གཅོད་དང་བླངས་པ་ཡོང་བ་སོགས་ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་ཨུ་ལྷན་དང་གཞི་རིམ་འདུམ་འགྲིག་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ངལ་རྩོལ་རྩོད་གཞི་འདུམ་གཅོད་དང་གྱོད་ཐག་གཅོད་ཚད་96%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པར་ངལ་རྩོལ་མི་དོན་རྩོད་གཞིའི་འདུམ་འགྲིག་ལྟེ་གནས་7བཙུགས་པ་དང་། ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་ཨུ་ལྷན་67ནས་83བར་མང་དུ་ཕྱིན་པ། ཁེ་ལས་248ལ་ངལ་རྩོལ་རྩོད་གཞིའི་འདུམ་འགྲིག་ཨུ་ལྷན་བཙུགས་པ། ཚོང་ལས་མཐུན་ཚོགས་ཀྱི་ངལ་རྩོལ་རྩོད་གཞིའི་འདུམ་འགྲིག་རྩ་འཛུགས་50བཙུགས་པ་བཅས་རེད། དེའི་རྨང་གཞིའི་ཐོག་རང་ལྗོངས་ཀྱིས་ལམ་ལུགས་དང་ལམ་སྲོལ་འཛུགས་སྐྱོང་གཏིང་ཟབ་བྱས་ནས། འདུམ་གཅོད་སྐྱེལ་སྤྲོད་ཞབས་ཞུ་གསར་གཏོད་བྱས་པ་དང་། རིགས་གཅིག་མཁས་ཅན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། འདུམ་གཅོད་དང་གྱོད་ཐག་གཅོད་ཚད་དང་འདུམ་འགྲིག་ལེགས་གྲུབ་བྱེད་ཚད་96.8%དང་67%ཡན་སོ་སོར་ཟིན་ཡོད།

    དེ་དང་ཆབས་ཅིག་ལས་ཞུགས་ཐབས་རྣམ་གསར་པའི་ངལ་རྩོལ་རྩོད་གཞིའི་གཅིག་འཐུས་རྣམ་པའི་འདུམ་འགྲིག་ལྟེ་གནས་སྒོ་བྱང་བཀལ་ནས་བཙུགས་ཤིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་ངལ་རྩོལ་མི་དོན་རྩོད་གཞིའི་འདུམ་འགྲིག་ལྟེ་གནས་དང་། ལྷོ་ཁ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་མྱུར་སྐྱེལ་ལས་རིགས་འདུམ་འགྲིག་ལྟེ་གནས། ཉིང་ཁྲི་གྲོང་ཁྱེར་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ངལ་རྩོལ་རྩོད་གཞིའི་འདུམ་འགྲིག་རྩ་འཛུགས་སོགས་སྡེ་ཚན་གསུམ་རང་ལྗོངས་ཀྱི་ལས་ཞུགས་ཐབས་རྣམ་གསར་པའི་ངལ་རྩོལ་རྩོད་གཞི་གཅིག་འཐུས་རྣམ་པའི་འདུམ་འགྲིག་ལྟེ་གནས་ཁག་དང་པོར་གཏན་འཁེལ་བྱས་ནས“གནས་གཅིག་ཏུ་གཞུང་དོན་སྒྲུབ་པ་དང་། སྐར་ཁུང་གཅིག་ཏུ་བདག་སྤྲོད་བྱེད་པ། ལན་རྒྱག་སྟངས་གཅིག་མཚུངས་ཡིན་པ། ལས་་རིམ་གཅིག་ལ་སྒྲུབ་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་ཁྱབ་གདལ་བཏང་བས། “སྒོ་གཅིག་ཏུ་འཛུལ་བ་དང་། སྐར་ཁུང་གཅིག་ཏུ་སླེབས་པ། ཐེངས་གཅིག་ལས་འགྲོ་མི་དགོས་པ”བཅས་ཀྱི་འདུམ་འགྲིག་ཞབས་ཞུ་མངོན་འགྱུར་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།