“མེས་པོ་ཚོའི་ཚེ་སྲོག་ལ་བརྟེན་ནས་བྱུང་བའི་མཛའ་གྲོགས་ཟབ་མོ་རྒྱུན་འཛིན་བྱེད་ཀྱི་ཡིན”
ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་འགྲུལ་རུ་ཁག་གི་བཀོད་འདོམས་དཔོན་པུའུ་ལ་ཀེ་ཝེ་ཧྲེན་སི་ཅི་ཡི་ཚ་བོ་ནོ་སོ་ཧྥུའུ་ལ་བཅར་འདྲི་བྱས་པ།
ནོ་སོ་ཧྥུའུ།
1937ལོའི་ཟླ་བཅུ་གཅིག་པ་ནས་1941ལོའི་ལོ་འགོའི་བར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དཀའ་ཚེགས་ཆེ་བའི་དུས་སུ་ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་འགྲུལ་རུ་ཁག་གིས་ནན་ཅིང་དང་། ཝུའུ་ཧན། ཁྲུང་ཆིང་སོགས་སུ“མཁའ་དབྱིངས་ནས་ཕར་རྒོལ”དང་རི་པིན་དམག་ལ་འགོག་རྒོལ་བྱས་ཏེ། རྒྱལ་ཁབ་གཉིས་པོས་མཉམ་དུ་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། སུའུ་ལེན་མཁའ་དམག་གི་ཀྲུང་ཅང་དམག་དཔོན་དང་ཀྲུང་གོར་རོགས་སྐྱོར་བྱེད་མཁན་མཁའ་འགྲུལ་རུ་ཁག་གི་བཀོད་འདོམས་དཔོན་ཨ་ལེ་ཁེ་ཞེ·པུའུ་ལ་ཀེ་ཝེ་ཧྲེན་སི་ཅི་ནི་དེའི་ཁྲོད་ཀྱི་ཁོངས་མི་ཞིག་ཡིན། ཉིན་ཤས་གོང་། པུའུ་ལ་ཀེ་ཝེ་ཧྲེན་སི་ཅི་ཡི་ཚ་བོ་ཧྥུའུ་ལ་ཅི་སྨིར·ནོ་སོ་ཧྥུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་ནས་སྐབས་དེའི་སྐྱིད་སྡུག་མཉམ་མྱོང་གི་ལོ་རྒྱུས་གཏམ་རྒྱུད་བརྗོད་ཡོད།
1937ལོའི་ཟླ་བདུན་པར་ལུའུ་ཀོའུ་ཟམ་པའི་དུས་འགྱུར་ཐོན་རྗེས། པུའུ་ལ་ཀེ་ཝེ་ཧྲེན་སི་ཅི་ཡིས་རང་འགུལ་ངང་ཀྲུང་གོར་ཡོང་ནས་དམག་འཁྲུག་ནང་ཞུགས་རྒྱུའི་རེ་ཞུ་ཕུལ་བ་མ་ཟད། རྒོལ་གཏོར་གནམ་གྲུའི་རུ་དཔོན་ཆེ་བའི་འགན་ཡང་ཁུར། དམག་འཐབ་བྱེད་སྐབས་ཁོང་དཔའ་ངར་ཆེ་བའི་ཁར་ད་དུང་ཨོག་ཚོམ་ཅན་ཡིན་པས་ཀྲུང་གོའི་ལས་རོགས་ཚོས་སྙིང་ཉེ་བའི་ངང་ཁོང་ལ་རུ་དཔོན་ཆེན་པོ“ཀྲང་ཧྥེ”ཞེས་འབོད་ཀྱི་ཡོད། 1937ལོའི་ཟླ་བཅུ་གཉིས་པ་ནས་1938ལོའི་ཟླ་བརྒྱད་པའི་བར། པུའུ་ལ་ཀེ་ཝེ་ཧྲེན་སི་ཅི་ཡིས་ནན་ཁྲང་དང་ཝུའུ་ཧན་སོགས་གྲོང་ཁྱེར་དུ་རང་ཉིད་གཅིག་པུས་དགྲ་བོའི་གནམ་གྲུ་7གཏོར་བ་དང་རུ་མི་དང་མཉམ་དུ་དགྲ་བོའི་གནམ་གྲུ་16གཏོར་བ་རེད། ཁོང་ལ་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་སྐབས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས“སུའུ་ལེན་གྱི་དཔའ་བོ”ཞེས་པའི་མཚན་སྙན་དང་ལེ་ཉིང་གི་བྱས་རྗེས་གཟེངས་རྟགས་སོགས་ཐོབ་པ་རེད། 1985ལོར། པུའུ་ལ་ཀེ་ཝེ་ཧྲེན་སི་ཅིས་སུའུ་ལེན་གྱི་འཕུར་སྐྱོད་པ་གཞན་དང་མཉམ་དུ་ཝུའུ་ཧན་ལ་འཚམས་འདྲིར་བསྐྱོད་པ་དང་། དེ་གར་མཉམ་དུ་དགྲ་བོར་འགོག་རྒོལ་བྱེད་མྱོང་བའི་ཀྲུང་གོའི་འཐབ་གྲོགས་དང་ཐུག་ཅིང་། ཕྱིས་སུ་ཡི་གེ་བསྐུར་རེས་བྱས་ནས་མུ་མཐུད་འབྲེལ་བ་བྱེད་ཀྱི་ཡོད།
ནོ་སོ་ཧྥུའུ་ཡིས་འཐབ་འཛིང་གི་མཛའ་གྲོགས་དེ་མུ་མཐུད་བསྐྱངས་ཤིང་། ཁོང་གི་ནང་མིས་པུའུ་ལ་ཀེ་ཝེ་ཧྲེན་སི་ཅི་དམག་ཞབས་ཞུ་སྐབས་ཀྱི་ཡིག་ཚགས་དང་དཔྱད་གཞི་མང་པོ་ཉར་ཚགས་བྱས་པ་མ་ཟད། ནོ་སོ་ཧྥུའུ་ཡིས་ཝུའུ་ཧན་དུ་ཀྲུང་གོའི“སུའུ་ལེན་མཁའ་དམག་དང་བླངས་རུ་ཁག་གི་སྒྲིག་གཤོམ་ཁང”ཐོག་མ་དེ་མཉམ་དུ་འཛུགས་རྒྱུའི་གྲོས་འགོ་བཏོན་ནས་བཙུགས་པ་དང་འབྲེལ། ཀྲུང་གོ་ཕྱོགས་དང་མཉམ་ལས་ཐེངས་མང་བྱས་ནས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་སུ་བྱེད་སྒོ་སྤེལ་བ་རེད། ནོ་སོ་ཧྥུའུ་ཡིས་ངའི་པཱ་ལགས་སུའུ་ལེན་གྱི་རྒྱལ་སྲུང་དམག་འཁྲུག་ནང་ཞུགས་པ་དང་། ཨ་ཁུ་པུའུ་ལ་ཀེ་ཝེ་ཧྲེན་སི་ཅིས་ཀྲུང་གོར་དམག་འཐབ་བྱེད་རིང་འཇར་པན་དམག་དཔུང་གིས་ཝུའུ་ཧན་སོགས་གྲོང་ཁྱེར་ལ་མཁའ་རྒོལ་བྱས་ནས་གནོད་འཚེ་ཚབས་ཆེན་བཟོས་པ་དངོས་སུ་མཐོང་མྱོང་ཡོད། བཙན་འཛུལ་པ་ཧྥ་ཤི་སིའི་སྐྱུག་བྲོ་བའི་ནག་ཉེས་ལ་དཔང་རྟགས་ཁུངས་བཙན་ཡོད་པ་མ་ཟད། དེ་དག་བརྗོད་མི་ཚར་བ་ཞིག་ཀྱང་ཡིན་ཞེས་བརྗོད།
“རི་འགོག་དམག་འཁྲུག་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གིས་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་འོས་མེད་འགྲིག་ཐབས་སྤུ་ཙམ་ཡང་མེད་པའི་ལངས་ཕྱོགས་ཐོག་ནས་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་བཙུགས་པར་རྒྱ་ཆེའི་དམངས་ཚོགས་ཚོའི་སྙིང་དབུས་ཀྱི་བརྩི་བཀུར་ཐོབ་ནས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་མཐའ་མའི་རྒྱལ་ཁར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད”ཅེས་ནོ་སོ་ཧྥུའུ་ཡིས་བརྗོད་པ་དང་། ཁོང་གིས“ངས་ཀྲུང་གོ་ཕྱོགས་དང་མཉམ་དུ་དྲན་གསོའི་བྱེད་སྒོ་སྤེལ་ཏེ་གཞོན་ནུ་མི་རབས་ཚོས་ལོ་རྒྱུས་ཀྱི་དོན་དངོས་བློ་ལ་བརྟན་པོར་ངེས་ནས་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་གཡོ་བཅོས་བྱེད་པའི་རྒྱལ་ཁབ་ཁ་ཤས་ཀྱི་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱ་རྒྱུའི་རེ་བ་ཡོད”ཅེས་གསར་འགོད་པར་བརྗོད་བྱུང་།
2015ལོའི་ཟླ་དགུ་པར་ནོ་སོ་ཧྥུའུ་དང་ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་གྱི་འཐབ་འཛིང་པ་རྒན་གྲས་ཀྱི་རྗེས་རབས་པ་གཞན་རྣམས་གདན་ཞུས་ལྟར་ཧར་པིན་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་ཡོད། ཀྲུང་གོ་ཕྱོགས་ཀྱི་རོགས་ཟླ་དང་ལྟ་སྐོར་མི་སྣ་སོགས་ཚང་མས་སུའུ་ལེན་དང་ཀྲུང་གོ་མཉམ་ལས་བྱས་ཏེ་བཙན་འཛུལ་པར་འགོག་རྒོལ་བྱེད་པའི་ལོ་རྒྱུས་ལ་རྒྱུས་མངའ་ཆེན་པོ་ཡོད་པ་དང་། སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་ཚོར་གུས་བཀུར་ཟབ་མོ་འཆང་བ། ཀྲུང་གོའི་ས་ཆ་མང་པོར་ཡོད་པའི་སུའུ་ལེན་དམག་དཔུང་གི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ལའང་སྲུང་སྐྱོང་ཧ་ཅང་ཡག་པོ་བྱུང་བ་བཅས་ཁོང་ལ་དོ་སྣང་ཆེན་པོ་བྱུང་ཡོད། ཁོང་གིས“ཀྲུང་གོ་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་དྲན་ཤེས་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་བརྟན་པོ་བཅངས་པར་ང་ཚོས་བསྔགས་བརྗོད་བྱེད་ཀྱི་ཡོད། ང་དང་འཐབ་འཛིང་པ་རྒན་གྲས་ཀྱི་རྗེས་རབས་པ་གཞན་ཡང་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་ཨ་ཁུ་པུའུ་ལ་ཀེ་ཝེ་ཧྲེན་སི་ཅི་ཡི་ཀྲུང་གོའི་འཐབ་གྲོགས་རྗེས་རབས་པ་རྣམས་དང་འབྲེལ་བ་མུ་མཐུད་བྱས་ཏེ་མེས་པོ་ཚོས་ཚེ་སྲོག་ལ་བརྟེན་ནས་བྱུང་བའི་མཛའ་གྲོགས་ཟབ་མོ་རྒྱུན་འཛིན་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།
ད་ལོའི་ཟླ་ལྔ་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཨུ་རུ་སུས་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཡང་ཞུགས་པ་རེད། ནོ་སོ་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོར་ཕེབས་སྐབས་སྤེལ་གནང་བའི《ལོ་རྒྱུས་དཔྱད་གཞིར་འཛིན། འབྱུང་འགྱུར་མཉམ་དུ་གཏོད》ཅེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་ལ་ལྟ་ཀློག་ཞིབ་ཕྲ་བྱས་ཡོད། ཁོང་གིས་གསར་འགོད་པར“ཀྲུའུ་ཞི་ཞི་ཅིན་ཕིང་གིས‘ཀྲུང་གོ་དང་ཨུ་རུ་སུ་ནི་ངོ་མཚར་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་རླབས་ཆེན་རྒྱལ་ཁབ་ཅིག་རེད་ལ། ཀྲུང་གོ་མི་དམངས་དང་ཨུ་རུ་སུའི་མི་དམངས་ནི་དཔའ་བོའི་ཁྲག་རྒྱུན་འདྲེས་པའི་རླབས་ཆེན་མི་དམངས་ཤིག་ཀྱང་རེད’ཅེས་གསུངས་པ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་ཕན་ཚུན་ཡིད་ཆེས་བརྟན་པོ་བྱས་པས། འཛམ་གླིང་དམག་ཆེན་གཉིས་པའི་ཡང་དག་གི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་བསྲུང་རྒྱུར་མིག་དཔེ་ཡང་བསྟན་ཡོད། ང་ཚོས་ཨུ་རུ་སུ་དང་ཀྲུང་གོའི་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པའི་རྨང་གཞིའི་ཐོག་འབྱུང་འགྱུར་བཏོད་དེ། རྒྱལ་སྤྱིའི་གར་སྟེགས་ཐོག་དྲང་གཞག་དྲང་བདེན་བསྲུང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།