དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལྷོ་རྒྱ་མཚོའི་ཀྲུང་གོའི་མངའ་ཁོངས་བདག་དབང་ལ་སྲུང་སྐྱོང་བྱེད་པ་ནི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ་ཞིག་རེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཏིང་ཏུའོ།   |     སྤེལ་དུས།  2025-09-05

    ལྷོ་རྒྱ་མཚོའི་ཀྲུང་གོའི་བདག་དབང་དང་ཁེ་དབང་ནི་ལོ་རྒྱུས་ཡུན་རིང་ཁྲོད་རྩ་བ་ཚུགས་པ་དང་། དམག་འཁྲུག་གི་མེ་ལྕེའི་ཁྲོད་ཞུན་བརྡར་བྱས་ནས་བྱུང་བའི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་ཡིན། མངའ་ཁོངས་བདག་དབང་ལ་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་འདུན་པ་ནི་བློ་བརྟན་འགྱུར་མེད་ཅིག་ཡིན་པ་མ་ཟད། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པའི་འདུན་པ་དེ་ཡང་འགྱུར་བ་མེད་པ་ཞིག་ཡིན།

    དུས་རབས་20པའི་དུས་འགོར། ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་ལ་བཙན་འཛུལ་བྱེད་ཤུགས་ཆེ་རུ་བཏང་ནས་ནན་ཧྲ་གླིང་ཚོམ་ལ་ཧམ་སེམས་བྱེད་འགོ་བརྩམས་མོད། འོན་ཀྱང་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་བྱེད་སྤྱོད་དེ་རིགས་ལ་ཀྲུང་གོ་སྲིད་གཞུང་དང་དམངས་ཚོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད། འཛམ་གླིང་དམག་ཆེན་གཉིས་པ་ལངས་པའི་སྔ་རྗེས་སུ་རི་པིན་གྱིས་ལྷོ་རྒྱ་མཚོའི་ཀྲུང་གོའི་མཚོ་གླིང་མང་ཆེ་བ་རིམ་བཞིན་བཙན་བཟུང་བྱས། 1943ལོའི་ཟླ་12ཚེས་1ཉིན། ཀྲུང་གོ་དང་། ཨ་རི། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས《ཁེ་རོའི་བསྒྲགས་གཏམ》སྤེལ་ཏེ། རྒྱལ་ཁབ་གསུམ་གྱི་དམིགས་ཡུལ་ནི་རི་པིན་གྱིས་གཡོ་ལེན་བྱས་པའི་ཀྲུང་གོའི་མངའ་ཁོངས་ས་ཆ་སྟེ། དཔེར་ན། བྱང་ཤར་དང་། ཐའེ་དབན། ཕེང་ཧུའུ་གླིང་ཚོམ་སོགས་ཀྲུང་གོར་ཕྱིར་སྤྲོད་བྱ་རྒྱུ་དེ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། 1945ལོའི་ཟླ་7ཚེས་26ཉིན་སྤེལ་བའི《པོ་ཚི་ཐན་གྱི་སྤྱི་བསྒྲགས》ནང“《ཁེ་རོའི་བསྒྲགས་གཏམ》གྱི་ཆ་རྐྱེན་ངེས་པར་དུ་ལག་ལེན་བསྟར་དགོས”ཞེས་བླང་བྱ་ཁ་གསལ་བཏོན་ཡོད།

    ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་དང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་གཙོ་བོ་ཡིན་པའི་ཀྲུང་གོས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་ཆེད་བློས་གཏོང་ཆེན་པོ་དང་ཐག་གཅོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོ་ནི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གཞན་དབང་དུ་གྱུར་བའི་དང་ལེན་བྱེད་མཁན་ཞིག་མིན་པར་སྒྲིག་ལམ་དེ་གསར་འཛུགས་བྱེད་མཁན་དང་སྲུང་སྐྱོང་བྱེད་མཁན་གྱི་གྲས་ཤིག་ཡིན། 《ཁེ་རོའི་བསྒྲགས་གཏམ》དང《པོ་ཚི་ཐན་གྱི་སྤྱི་བསྒྲགས》ནི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྲུབ་པའི་བཅའ་ཁྲིམས་ཡིག་ཆ་གལ་ཆེན་ཞིག་ཡིན་པས། དེར་རྩོད་ཐབས་བྲལ་བའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ནུས་པ་ལྡན་ཡོད་པ་དང་། འབྲེལ་ཡོད་ཡིག་ཆར་གཞིགས་ན་རི་པིན་གྱིས་གཡོ་ལེན་བྱས་པའི་ཀྲུང་གོའི་མངའ་ཁོངས་དག་ངེས་པར་དུ་ཀྲུང་གོར་ཕྱིར་སྤྲོད་དགོས།

    མངའ་ཁོངས་བདག་དབང་ལ་བཙན་གནོད་ཕོག་པའི་ཐད་ཀྲུང་གོར་ཡིད་སྐྱོ་དགོས་པའི་ལོ་རྒྱུས་ཀྱི་དྲན་ཤེས་ལྡན་ཡོད་པས། འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོས“ཆེ་བས་ཆུང་བར་བརྙས་བཅོས”གཏན་ནས་བྱེད་མྱོང་མེད་ལ། རྒྱལ་ཁབ་ཁ་ཤས་ཀྱིས་ལྷོ་རྒྱ་མཚོ་རུ“ཆུང་བས་ཆེ་བར་སྙད་བརྐོ་བའང”གཏན་ནས་བྱེད་དུ་འཇུག་མི་སྲིད། ལྷོ་རྒྱ་མཚོའི་ཀྲུང་གོའི་བདག་དབང་དང་ཁེ་དབང་ནི་ལོ་རྒྱུས་ཡུན་རིང་ཁྲོད་རྩ་བ་ཚུགས་པ་དང་དམག་འཁྲུག་གི་མེ་ལྕེའི་ཁྲོད་ཞུན་བརྡར་བྱས་ནས་བྱུང་བའི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་ཡིན། ལྷོ་རྒྱ་མཚོའི་གནད་དོན་ནི་ཀྲུང་གོའི་བདག་དབང་གི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་མ་ཟད། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱིས་གཏན་འཁེལ་བྱས་པའི་དྲང་བདེན་རྩ་དོན་དང་། ཁྲིམས་སྐྱོང་གི་སྙིང་སྟོབས། ཞི་བདེའི་འདུ་ཤེས་བཅས་དངོས་འབྲེལ་ལག་ལེན་བསྟར་ཐུབ་མིན་དང་ཡང་འབྲེལ་བ་ཡོད། མངའ་ཁོངས་བདག་དབང་ལ་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་འདུན་པ་ནི་བློ་བརྟན་འགྱུར་མེད་ཅིག་ཡིན་པ་མ་ཟད། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པའི་འདུན་པ་དེ་ཡང་འགྱུར་བ་མེད་པ་ཞིག་ཡིན། དེ་དང་ཆབས་ཅིག ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཐད་ཀའི་དོ་བདག་རྒྱལ་ཁབ་དང་མཉམ་དུ་ཁུལ་ཁོངས་ཕྱི་རོལ་གྱི་འགལ་རྐྱེན་སེལ་བ་དང་། མཚོ་ཐོག་གི་མི་མཐུན་པའི་ཕྱོགས་ལ་དོ་དམ་ཚོད་འཛིན་བྱེད་པ། གཉིས་ཕན་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཞིགས་པ། ཞི་བདེའི་ལམ་ནས་རྩོད་གཞི་སེལ་བ་བཅས་ཀྱི་ཐབས་ལམ་ནུས་ལྡན་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས་ལྷོ་རྒྱ་མཚོ་དེ་ཞི་བདེའི་རྒྱ་མཚོ་དང་། མཛའ་གྲོགས་ཀྱི་རྒྱ་མཚོ། མཉམ་ལས་ཀྱི་རྒྱ་མཚོ་བཅས་སུ་དངོས་འབྲེལ་འགྱུར་བར་གཞོལ་བཞིན་ཡོད།

    (རྩོམ་པ་པོ་ནི་ཀྲུང་གོའི་ལྷོ་རྒྱ་མཚོའི་ཞིབ་འཇུག་ཁང་ཁུལ་ཁོངས་རྒྱལ་ཁབ་ཞིབ་འཇུག་ཁང་གི་སུའོ་ཀྲང་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།