དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཚན་ཚོགས《དྲང་བདེན་རྒྱལ་ངེས》ཞེས་པ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

    ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་གཟིགས་པར་ཕེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-09-04

    ཟླ་9ཚེས་3ཉིན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཚན་ཚོགས《དྲང་བདེན་རྒྱལ་ངེས》ཞེས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་6000ཙམ་དང་ལྷན་དུ་མཚན་ཚོགས་ལ་གཟིགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། སྐད་གསང་མཐོན་པོས་རྒྱལ་ཁའི་གླུ་དབྱངས་ལེན། སྒེག་ཉམས་ཞབས་བྲོས་དྲང་བདེན་སྟོབས་ཤུགས་མངོན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཚན་ཚོགས《དྲང་བདེན་རྒྱལ་ངེས》ཞེས་པ་ཚེས་3ཉིན་གྱི་དགོང་མོར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་6000ཙམ་དང་ལྷན་དུ་མཚན་ཚོགས་ལ་གཟིགས་ནས། གཟི་བརྗིད་ལྡན་པའི་ཉིན་མོར་ལྷན་དུ་དྲན་གསོ་ཞུས་པ་རེད།

    མཚན་ཚོགས་འགོ་མ་ཚུགས་གོང་། ལོ་ཆུང་གདོང་ལེན་རུ་མིས་འཁྲབ་སྟོན་ལ་གཟིགས་པར་ཕེབས་པའི་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མིར་མེ་ཏོག་ཕུལ་བ་རེད། དེ་རྗེས་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོ་ལོ་ཆུང་གདོང་ལེན་རུ་མིའི་འཁྲིད་རོགས་འོག་ཚོགས་ཁང་ཆེ་མོའི་ལྟད་མོ་བའི་སྡོད་སར་ཕེབས་པ་དང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཏེ་ཁོང་ཚོར་བླ་ན་མེད་པའི་གུས་ལུགས་མཚོན་པར་བྱས་ཡོད།

    ཆུ་ཚོད་19དང་སྐར་མ་55ཙམ་ལ་སྤྲོ་སེམས་འཁོལ་བའི་མགྲོན་བསུའི་རོལ་དབྱངས་གྲགས་པ་དང་བསྟུན་ཏེ་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོགས་ཁང་ཆེ་མོར་ཕེབས་ནས་རི་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོའི་འཐུས་མིར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་རེད།

    སྒམ་བརླིང་ལྡན་པའི་ཅོང་སྒྲ་ཐེངས་8གྲགས་པ་དང་། རོལ་དབྱངས་དང་། སྙན་ཚིག བརྙན་རིས་བཅས་གསུམ་ལྡན་གྱི་དངོས་མཚོན་གློག་བརྙན《རྒྱལ་ཁོངས་ཀྱི་རི་ཀླུང་མཐའ་དག་ཡིད་ལ་ངེས》ཞེས་པ་བསྟན་པ་དང་བསྟུན་ནས་མཚན་ཚོགས་འགོ་ཚུགས་པ་རེད།

    ལེ་ཚན་དང་པོ“ངར་སྒྲ་སྒྲོགས། རྨ་ཆུ་ལགས”ཞེས་པའི་ཁྲོད་ཀྱི་ཡུལ་རྣམ་འཁྲབ་སྟོན《ཀྲུང་ཧྭ་མི་རིགས་ཉེན་ཁ་ཆེ་ཤོས་ཀྱི་དུས་སུ་སླེབས》དང་ཡུལ་རྣམ་གླུ་གར《ཁྲག་གིས་འཚོས་པའི་སྟག་ཤིང་དཀར་པོ》ལས་ཀྲུང་གོ་གུང་ཁྲན་ཏང་གི་འབོད་སྐུལ་དང་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཆེན་པོས་བཙན་འཛུལ་བར་འགོག་རྒོལ་བྱས་པའི་ཞུམ་མེད་ཀྱི་སྙིང་སྟོབས་མངོན་ཡོད།

    ལེ་ཚན་གཉིས་པ“སྐར་མ་དམར་པོའི་འོད་ཟེར་ཀྲུང་གོར་འཕྲོས”ཞེས་པའི་ཁྲོད་ཀྱི་ཡུལ་སྣང་སྙན་ངག་གྱེར་འདོན《འོད་སྣང་ཆུན་པོ་འདི》དང་གླུ་གར《ཡན་ཨན། ཡན་ཨན》ལས་ཀྲུང་གོ་གུང་ཁྲན་ཏང་གིས་རི་འགོག་དམག་འཁྲུག་གི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་གི་སྲོག་ཤིང་ཀ་རྟེན་དུ་གྱུར་བ་མངོན་པར་བྱས་ཡོད། ལེ་ཚན་གསུམ་པ“འགྲན་ཟླ་བྲལ་བའི་སྟོབས་ཤུགས”ཁྲོད་ཀྱི་ཚན་སྒྲིག་ཞབས་བྲོ་དང་གླུ་དབྱངས《གང་སར་དམག་འཁྲུག་མེ་ལྕེ་འབར》དང་། ཡུལ་སྣང་ཟློས་གར《ནམ་ཡང་གནས་སྲིད་པའི་དམག་དཔུང་གི་ཨང་རྟགས》དང་སྐྱེས་པའི་ཞབས་བྲོ《དམར་འཛིང་མཐའ་འཁྱོལ》བཅས་ཀྱི་ས་གསུམ་ཟིལ་གྱི་གནོན་འདྲའི་སྙིང་སྟོབས་ལས། ཏང་གིས་འགོ་ཁྲིད་བྱེད་པའི་མི་དམངས་དམག་འཁྲུག་གི་སྟོབས་ཤུགས་ཆེན་པོ་མངོན་ཡོད། ལེ་ཚན་བཞི་པ“ཐུན་མོང་གི་སྐྱ་རེངས”ཁྲོད་ཀྱི་ཞབས་བྲོ《རླུང་བརྟེན་རླབས་གཤགས》དང་ཡུལ་སྣང་གླུ་གར《འགྱུར་མེད་ཀྱི་དབྱངས་རྟ》ལས་ཀྲུང་གོ་མི་དམངས་ཀྱིས་བློས་གཏོང་ཆེན་པོ་བྱས་ཏེ་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་དམག་ས་གཙོ་བོར་འདེགས་སྐྱོར་བྱས་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བར་བསྟོད་གླུ་བླངས་ཡོད། ལེ་ཚན་ལྔ་པའི“དྲང་བདེན་མི་ཉམས་ཡུན་གནས”ཁྲོད་ཀྱི་ཡུལ་སྣང་གླེང་མོལ《བསམ་དོན་ལྷུན་གྲུབ》ནང་ལྷད་མེད་བརྩེ་སེམས་ཟབ་ཅིང་མཛད་སྒོའི་གཟབ་སྦྲེང་གི་འཁྲབ་སྟོན《དྲང་བདེན་ལ་སྲུང་སྐྱོང་བྱེད》ནང་དུས་རབས་གསར་པའི་ཀྲུང་གོའི་བརྗིད་ཆེའི་ཉམས་འགྱུར་མངོན་པ་དང་། དྲང་བདེན་ལ་རྒྱལ་ཁ་ཐོབ་ངེས་ཀྱི་བདེན་དོན་སྟོབས་ཤུགས་ཁྱབ་བསྒྲགས་བྱས་ཡོད། མཇུག་འགྲིལ་གླུ་གཞས《ལས་དབང་མཉམ་གནས》ནང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་མཐུན་འགྲོགས་རོལ་དབྱངས་དཀྲོལ་བ་རེད།

    འཁྲབ་སྟོན་མཇུག་འགྲིལ་སྐབས་ཚང་མ་ཡར་ལངས་ནས་མཉམ་དུ་སྐད་གསང་མཐོན་པོས་གླུ་གཞས《མེས་རྒྱལ་ལ་བསྟོད་གླུ་ལེན》བླངས་པ་དང་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་ནས་ཡུན་དུ་གྲགས།

    མཚན་ཚོགས་ཧྲིལ་པོར་ལོ་རྒྱུས་ཀྱི་ཡུལ་དུས་དང་། སྒྱུ་རྩལ་གྱི་ཡུལ་དུས། བརྩེ་སེམས་ཀྱི་ཡུལ་དུས་བཅས་མཉམ་འདྲེས་བྱས་ཏེ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ལ་ཕྱིར་དྲན་ཟབ་མོ་བྱས་ནས། རི་འགོག་དམག་འཁྲུག་ཁྲོད་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་སྲོག་ཤིང་ཀ་རྟེན་གྱི་ནུས་པ་མངོན་གསལ་དོད་པོས་མཚོན་པ་དང་། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དཔའ་བོའི་རྒྱལ་ཁའི་གླུ་དབྱངས་བླངས་པ། ཀྲུང་ཧྭ་མི་རིགས་འཛམ་གླིང་མི་རིགས་ཁྲོད་རང་ཚུགས་ཐུབ་པའི་བསམ་པའི་ཉམས་འགྱུར་མངོན་ཡོད།

    ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་བཅས་ཀྱིས་མཚན་ཚོགས་ལ་གཟིགས་པ་རེད།

    མཚན་ཚོགས་ལ་གཟིགས་མཁན་གྲས་སུ་ད་དུང་ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། རི་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས། རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་གཉེན་ཉེའི་འཐུས་མི། གོ་མིན་ཏང་གི་རི་འགོག་དམག་མི་རྒན་གྲས་ཀྱི་འཐུས་མི། རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་མི་སྣ། རི་འགོག་དམག་འཁྲུག་གི་དམག་དཔོན་འདས་པོའི་ནང་མིའི་འཐུས་མི། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་གི་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་དེ་བཞིན་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་རྒན་གྲས་ཀྱི་འཐུས་མི། གཤེགས་ཟིན་པའི་བློ་མཐུན་རྒན་གྲས་ཀྱི་གཉེན་ཉེ་ཁག་གཅིག གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་བཟང་བའི་འཐུས་མི། ཀང་ཨའོ་ཐའེ་བཅས་ཀྱི་སྤུན་ཟླ་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླའི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི། དེ་བཞིན་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་དང་། དྲག་དཔོན། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ལེགས་སྐྱེས་འབུལ་མཁན་རྒྱལ་སྤྱིའི་གྲོགས་པོའམ་ཁོང་ཚོའི་ནང་མིའི་འཐུས་མི་སོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།