དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་པ།

    ​ ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་ནང་ཞུགས་མཁན་ཡོངས་ལ་གཟེངས་བསྟོད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-09-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་9ཚེས་3ཉིན་བཀའ་རྒྱར་མཚན་རྟགས་བཀོད་དེ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་ནང་ཞུགས་མཁན་ཡོངས་ལ་གཟེངས་བསྟོད་གནང་བ་རེད།

    གཟེངས་བསྟོད་བཀའ་རྒྱའི་ནང་བསྟན་དོན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་མཛད་སྒོ་གཟབ་རྒྱས་ཁྲོད། སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་པོའི་སྟོབས་ཤུགས་ཀྱི་འཐུས་ཚབ་ཡིན་པའི་ངོས་ནས་གཟིགས་སྦྲེང་དཔུང་སྡེས་གྲལ་འགྲིག་ཅིང་དཔའ་ཉམས་ལྡན་པའི་གོམ་སྟབས་བརྟན་པོ་དང་། ཟིལ་རྔམ་ཆེ་བའི་དེང་རབས་ཅན་གྱི་ངར་ལྕགས་རུ་སྟར་གྲུ་བཞི། སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་དཔའ་བོའི་ཉམས་འགྱུར། བརྗིད་ཅིང་ཟིལ་རྔམ་ལྡན་པའི་རྣམ་པ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་ཀྱི་གཟིགས་ཞིབ་གཟི་བརྗིད་ལྡན་པའི་ངང་དང་ལེན་ཞུས་ཏེ། རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་པ། རྒྱལ་ཁབ་ཆེན་པོའི་ཉམས་འགྱུར་ལྡན་པ། དམག་དཔུང་སྟོབས་ཆེན་གྱི་ཉམས་འགྱུར་མངོན་པ་བཅས་ཀྱི་དམག་གཟིགས་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་སྐྱེས་སུ་ཕུལ་ཡོད། གཟིགས་སྦྲེང་དཔུང་སྡེའི་ཕུལ་དུ་བྱུང་བའི་མངོན་ཚུལ་ལས་དམག་ཡོངས་ཀྱི་དཔོན་དམག་ཚོའི་སྲོག་ཤིང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པའི་ཆབ་སྲིད་ཀྱི་རང་མདངས་དང་ཁྲག་རྒྱུན་རྒྱུན་འཛིན་བྱས་པ་གང་ལེགས་མངོན་པ་མ་ཟད། དུས་རབས་གསར་པའི་མི་དམངས་དམག་དཔུང་གིས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་རྣམ་པ་གསར་པ་དང་། སྟོབས་ཤུགས་ཀྱི་གྲུབ་ཆའི་བཀོད་པ་གསར་པ། དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་གསར་པ། དམག་གྲབས་དམག་རྒྱག་གི་གྲུབ་འབྲས་གསར་པ་བཅས་ཕྱོགས་ཡོངས་ནས་མངོན་པ། མི་དམངས་དམག་དཔུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་དང་། འཛམ་གླིང་གི་ཞི་བདེ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་སྙིང་སྟོབས་དང་འགྲན་མེད་ཀྱི་སྟོབས་ཤུགས་གཅིག་སྡུད་ཐོག་མཚོན་ཡོད་པས། མི་རིགས་ཀྱི་སྙིང་སྟོབས་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཆེས་ཆེར་འཕེལ་བ་དང་། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་མ་ཟད། ད་དུང་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

    གཟེངས་བསྟོད་བཀའ་རྒྱའི་ནང་བསྟན་དོན། དམག་གཟིགས་ལས་འགན་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་ནི་གཟིགས་སྦྲེང་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། ལས་འགན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། གོང་འོག་ཚང་མས་སེམས་མཐུན་ཤུགས་སྒྲིལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་འབད་འབུངས་འགག་སྒྲོལ་བཅས་བྱས་པའི་གྲུབ་འབྲས་ཡིན།

    རྒྱ་ཆེའི་གཟིགས་སྦྲེང་དཔོན་དམག་ཚོས་དམག་འཐབ་དྲག་པོ་རྒྱག་ཕོད་པ་དང་། དཀའ་སྤྱད་འབད་བརྩོན་གྱིས་སྦྱོང་བརྡར་ནན་པོ་བྱེད་པ། ཕུལ་བྱུང་དོན་གཉེར་བཅས་བྱེད་པ་དང་། རིམ་ཁག་བཀོད་འདོམས་ལས་ཁུངས་ཀྱིས་འཆར་འགོད་ཞིབ་ཚགས་དང་། སྒྲིག་འཛུགས་དམ་ནན། ཚན་རིག་དང་མཐུན་པའི་མཛུབ་སྟོན་བཅས་བྱེད་པ། རིགས་ཁག་གི་འགན་ལེན་སྟོབས་ཤུགས་ཀྱིས་མཉམ་ལས་དམ་ཟབ་དང་། སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ། ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་བཅས་བྱས་ཏེ་དམག་གཟིགས་ལས་འགན་ཐུགས་གྲ་ལེགས་འགྲིག་ཡོང་བར་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་ཡོད། དམག་གཟིགས་ལག་ལེན་ཁྲོད། གཟིགས་སྦྲེང་དཔུང་སྡེས་ཏང་ལ་ལྷག་བསམ་རྣམ་དག་དང་བཀའ་བཀོད་གང་གནང་ལ་ཉན་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། འགན་ལྕི་ཕྲག་ཏུ་ཁུར་ཕོད་པ་དང་འགན་འཁྲིར་ངོ་མི་གནོང་བའི་འགན་འཁུར་གྱི་སྙིང་སྟོབས། རྩེར་སོན་གཏོད་པ་དང་རྒྱལ་ཁ་ལེན་ཕོད་པའི་ཡར་རྒྱས་བརྩོན་ལེན་གྱི་འདུ་ཤེས། དཀའ་སྤྱད་དངོས་སྒྲུབ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱེད་པའི་སྤྱོད་ཚུལ་བཟང་པོ་བཅས་མངོན་པར་བྱས་ཏེ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་རྣམ་པ་བཟང་པོ་དང་གསར་བརྗེའི་དམག་མིའི་ཉམས་འགྱུར་བཟང་པོ་བཏོད་ཡོད།

    གཟེངས་བསྟོད་བཀའ་རྒྱའི་ནང་འབོད་སྐུལ་བྱས་དོན། དམག་ཡོངས་ཀྱི་དཔུང་སྡེ་དང་རྒྱ་ཆེའི་དཔོན་དམག་གིས་གཟིགས་སྦྲེང་དཔུང་སྡེར་སློབ་སྦྱོང་བྱས་ནས། དད་སེམས་བརྟན་གཏོང་དང་ཏང་གི་བཀོད་འདོམས་ལ་ཉན་པ་དང་། ཐོག་མའི་བསམ་འདུན་ལག་བསྟར་དང་འགན་འཁྲི་འཁུར་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་མཐུན་སྒྲིལ་འབད་འཐབ། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཕྲག་ཐོག་གི་འགན་འཁྲི་མཐའ་གཅིག་ཏུ་ཁུར་དགོས། རིམ་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་གཏིང་ཟབ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། དམག་ཨུད་ཀྱི་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་ལག་བསྟར། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་པར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལུགས་ལ་བརྟེན་ནས་དམག་དཔུང་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་དག་ཐེར་སྦྱོང་བརྡར་གཏིང་ཟབ་ཏུ་གཏོང་བ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་སྦྱོང་དམག་གྲབས་བྱེད་པ། སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། རང་རེའི་ཏང་གིས་འགོ་ཁྲིད་བྱེད་པའི་དཔའ་བོའི་དམག་དཔུང་འདི་དེ་བས་སྟོབས་ལྡན་ཞིག་ཏུ་བཏོད་ནས། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་གཏོད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།