དམག་མི་རྒན་གྲས་གཉིས་ཀྱི་ལྟ་སྲུང་གི་ལོ་ཟླ།
ལོ་ཟླའི་ཆུ་རྒྱུན་རིང་མོའི་ནང་དུ་མི་དེ་འདྲ་གཉིས་ཡོད་པ་སྟེ། ཁོང་ཚོས་ལང་ཚོ་སྤུ་སྨྱུག་དང་ཁྲག་དྲོན་སྣག་ཚར་བྱས་ཏེ། ལོ་རྒྱུས་ཀྱི་དྲིལ་ཤོག་ཐོག་བཀྲག་མདངས་ཆེ་བའི་རི་མོ་ངོ་མཚར་ཅན་ཞིག་བྲིས། ཁོང་ཚོས་སྔོན་མ་རི་འགོག་དམག་འཁྲུག་ནང་ཞུགས་ནས་མི་རིགས་རང་བཙན་གྱི་ཆེད་དུ་ཁྲག་བཏོན་དམར་འཛིང་བྱས་པ་དང་། ཕྱིས་སུ་འབོད་སྐུལ་དང་ལེན་གྱིས་གངས་ལྗོངས་ས་མཐོར་བསྐྱོད་ནས་བོད་ལྗོངས་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་ཚེ་གང་ལེགས་སྐྱེས་ཕུལ། ཁྲེང་ཏུར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དོན་གཅོད་ཁྲུའུ་རུ་ལོ་བརྒྱ་ལ་ཉེ་བའི་རྒན་རྒོན་ཝང་ཁྲང་ཨན་དང་ཞུས་མིང་ལེང་གཉིས་བཞུགས་ཡོད་ཅིང་། ཁོང་རྣམ་གཉིས་ཀྱི་མི་ཚེའི་གཏམ་རྒྱུད་ཀྱིས་རླབས་ཆེན་གྱི་དུས་རབས་དེར་བདེན་དཔང་གནང་།
1950ལོར་ལོ་24ལ་སླེབས་པའི་ཝང་ཁྲང་ཨན་ལ་བོད་དུ་དཔུང་འཇུག་བྱེད་དགོས་པའི་ལས་འགན་འབྱོར། ཁོང་གིས་དེ་མ་ཉིད་དུ་གསར་བརྗེའི་དད་སེམས་བརྟན་པོ་འཆང་བཞིན་སྐར་ལྔའི་དར་དམར་ཧི་མ་ལ་ཡའི་སྟེང་དུ་འཛུགས་རྒྱུའི་དམ་བཅའ་བཞག བོད་དུ་འབྱོར་རྗེས་ཁོང་གིས་དྭགས་པོ་དང་ཀོང་པོ(ད་ལྟའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་། ཀོང་པོ་རྒྱ་མདའ་རྫོང་། སྨན་གླིང་རྫོང་། སྣང་རྫོང་། མེ་ཏོག་རྫོང)སོགས་ས་ཁུལ་དུ་སྔ་རྗེས་སུ་ལས་ཀར་ཕེབས་ཤིང་། དེའི་རིང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་སྐྱེད་གོང་འཕེལ་བཏང་། དུས་རབས་20པའི་ལོ་རབས་50པའི་དུས་མཇུག་ཏུ། དྭགས་པོ་ཡན་ལག་ལས་དོན་ཨུ་ལྷན་གྱི་དྲུང་ཆེ་ཡིན་པའི་ཝང་ཁྲང་ཨན་གྱིས་ཤུགས་རྐྱེན་གཏིང་ཟབ་པའི་བྱ་བ་གཅིག་སྟེ་ས་ཁུལ་གྱི་མིང་སྒྱུར་བའི་ལས་དོན་ནང་ཞུགས་ཤིང་། བློ་བསྡུས་དགེ་འཚོལ་བྱས་པ་བརྒྱུད། “ཉིང་ཁྲི”ཞེས་མིང་ཐོག་མར་བཏགས་ཤིང་། དེ་ཐོག་ནས་ས་གནས་དེ་གར་ཤིང་སྣ་འཛོམས་པ་དང་ལིན་ཀྲིའི(ཀོ་ཤ)ཐོན་ཁུངས་ཕུན་སུམ་ཚོགས་པ་མཚོན་པ་མ་ཟད། བོད་གསར་འཛུགས་སྐྲུན་གྱི་བསམ་འདུན་བཟང་པོ་འཆང་བའང་མཚོན་གྱི་ཡོད།
1928ལོར་སྐྱེས་པའི་ཞུས་མིང་ལེང་གིས་མི་ཚེ་འདིར་རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་སོགས་ནང་ཞུགས་མྱོང་བ་མ་ཟད། ད་དུང་1950ལོར་དམག་སྡེ་བཅོ་བརྒྱད་པ་དང་མཉམ་དུ་བོད་དུ་བསྐྱོད། དེའི་རིང་ཁོང་དང་འཐབ་གྲོགས་ཚོས་གངས་རི་དང་། རྩྭ་ཐང་། འཁྱགས་རོམ། ཆུ་བོ་ལ་སོགས་གྲངས་ལས་འདས་པ་བརྒལ་ནས་དཀའ་བ་ཚད་མེད་སྤྱད། བོད་དུ་སྐྱོད་པའི་ལམ་བར་དུ་ཁོང་ཚོར་བསམ་ཡུལ་ལས་འདས་པའི་དཀའ་ངལ་སྣ་ཚོགས་འཕྲད་མོད། འོན་ཀྱང་ཁོང་ཚོས་ཐོག་མཐའ་བར་གསུམ་དུ“སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད”ལ་བརྩི་སྲུང་ནན་པོ་ཞུས་པའི་ཁར། བློ་བརྟན་འགྱུར་མེད་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཀའ་ངལ་ཡོད་ཚད་ཁྱད་བསད་བྱས་ཤིང་། མཐར་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ལས་འགན་ལེགས་གྲུབ་བྱུང་།
ཞུས་མིང་ལེང་བོད་ཀྱི་སྤྱི་བདེ་བ་མི་རབས་དང་པོའང་རེད། ཁོང་གིས་མི་ཚེའི་ཁྲོད་ཀྱི་མཛེས་སྡུག་ལྡན་ཤོས་དང་ངོ་མཚར་ཆེ་ཤོས་ཀྱི་ལང་ཚོ་བོད་ལ་ལེགས་སྐྱེས་ཕུལ། མི་དམངས་སྤྱི་བདེའི་ལས་གནས་ཐོག་ཁོང་གིས་རང་འགན་གཙང་སྒྲུབ་བྱས་ཏེ། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་དང་། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལས་ས་ཆ་དེར་དགའ་ཞེན་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་ལུགས་མཚོན་པར་བྱས་ཡོད།
གཞོན་ནུའི་དུས་སུ་དམག་དཔུང་ལ་ཞུགས་པ་ནས་མགོ་སྐྲ་དཀར་པོར་གྱུར་པའི་བར་དང་ཀྲུང་ཡོན་ས་གཞི་ཆེ་མོ་ནས་གངས་ལྗོངས་ས་མཐོའི་བར་དུ། ཝང་ཁྲང་ཨན་དང་ཞུས་མིང་ལེང་སོགས་རི་འགོག་དམག་འཁྲུག་སྐབས་ཀྱི་དམག་མི་རྒན་གྲས་ཀྱིས་མི་ཚེ་གང་པོར་རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དངོས་སུ་ལག་ལེན་བསྟར་ཡོད།
འབྲེལ་ཡོད་གསར་འགྱུར།