སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་8ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་འདོན་དགོས་པའི་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་། ལྷག་པར་དུ་རྒྱ་ཆེའི་གཞི་རིམ་ལས་བྱེད་པར་སྐུལ་མ་ཆེན་པོ་ཐེབས་ནས་ཚང་མས། དྲིན་ཚོར་གྱི་བསམ་པ་དང་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཞི་རིམ་དུ་རྩ་བ་ཚུགས་པ་དང་འབད་བརྩོན་ཏན་ཏིག་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་འདི་ཉིད་དེ་བས་སྲ་བརྟན་དུ་གཏོང་བ་དང་། མི་སེར་གྱིས་སེམས་ཁྲལ་བྱེད་པའི་བྱ་བ་ཚང་མ་ཡག་པོ་སྒྲུབ་པའི་ཁྲོད་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ནས་མི་དམངས་རྣམས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་པའི་ཆེད་དུ་ཡང་འབད་བསྐྱར་འབད་དང་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཁྲོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་སྟེ། གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས“ལོ་རྒྱུས་ལྔ”དང་དེ་བཞིན་བོད་ཀྱི་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོར་རྒྱུན་མཐུད་དམ་འཛིན་ཧུར་ཐག་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་ཏང་ཡོན་ལས་བྱེད་པས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱས་ཏེ། སྤྲོ་སེམས་དེ་བས་ཆེ་བ་དང་དཔའ་ངར་ཆེར་སྐྱེད་ཀྱི་ངར་ཤུགས་ཐོག་ནས་ལས་ཀར་ཞུགས་རྒྱུའི་འགན་ལེན་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་བསོད་ནམས་དོན་གྲུབ་ཀྱིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དེ་མུ་མཐུད་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཚང་མ་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཡོང་བར་འགན་ལེན་བྱེད་ཀྱི་ཡིན”ཞེས་བཤད།
དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་དིང་རི་རྫོང་མཚོ་སྒོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མིག་དམར་སྒྲོལ་མས“གེགས་རྗེས་བསྐྱར་སྐྲུན་ལས་དོན་ཁྲོད་ང་ཚོས་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ་དང་དཀའ་སྤྱད་འབད་བརྩོན་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། མང་ཚོགས་ཀྱི་དགོས་མཁོ་དང་དཀའ་ངལ་ཤེས་རྟོགས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་ཀྱི་ཡིན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ། གེགས་རྗེས་བསྐྱར་སྐྲུན་ལས་དོན་ཁྲོད་ལས་དོན་ཁག་ལེགས་པར་བསྒྲུབས་ནས་རྒྱ་ཆེའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་གྱི་ཡིན”ཞེས་བཤད།
མངའ་རིས་ས་ཁུལ་བར་ག་གྲོང་རྡལ་གངས་ས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་འགྱུར་མེད་རྡོ་རྗེས“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ཚོར་མ་འོངས་པའི་ལས་དོན་ཐད་ཁ་ཕྱོགས་སྔར་བས་ཁ་གསལ་དང་སྒུལ་ཤུགས་ཆེན་པོ་གནང་ཡོད”ཅེས་བཤད། ཉེ་བའི་ལོ་ཤས་རིང་གངས་ས་གྲོང་ཚོས་སྲིད་ཇུས་དང་། ས་བབ། ཐོན་ཁུངས་བཅས་ལེགས་ཆ་ཆེན་པོ་གསུམ་གཞིར་བཟུང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་དང་རྩ་འཛུགས་ཀྱི་ནུས་པར་ཤུགས་སྣོན་རྒྱག་རྒྱུ་དེ་ལྟེ་བར་བྱས་ནས་ཏང་ཡོན་དང་མང་ཚོགས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཁྲོད་གཏིང་ཟབ་ཞུགས་པར་ཁྲིད་སྟོན་བྱས་ཏེ་དབུལ་སྐྱོར་མགྲོན་ཁང་དང་བྱེ་རྡོ་ར་བ་སོགས“ཐོན་ལས་ཆེན་པོ་བདུན”གྱི་དངོས་ཚན་སྔ་རྗེས་སུ་སྐྱེད་སྲིང་བྱས་ཡོད། འགྱུར་མེད་རྡོ་རྗེས“ད་ཆ་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་ཇེ་མང་དུ་ཕྱིན་ནས་ཚང་མའི་འཚོ་བ་སྔར་བས་བདེ་སྐྱིད་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཡུལ་མི་ཚོར་ཡུལ་སྐོར་གྱི་ཡོང་འབབ་བྱུང་ནས་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་བཞིན་ཡོད། སླད་ཕྱིན་ང་ཚོས་མུ་མཐུད་གསར་གཏོད་འཚོལ་ཞིབ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དེ་བས་སྟོབས་ལྡན་ཞིག་ཏུ་སྐྲུན་གྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།