བོད་སྐྱོད་རྒན་གྲས་སྙིང་སྟོབས་རྒྱུན་འཛིན་གྱིས། ས་མཐོའི་ལེའུ་གསར་མུ་མཐུད་རྩོམ་ལ་བྲེལ།
ཞོགས་པ་སྔ་མོར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གཅིན་སྙི་ཟགས་ཁུའི་ཕྱི་ནད་ཚན་ཁག་གི་བརྟག་བཅོས་ཁང་དུ་གློག་སྒྲོན་རབ་ཏུ་གསལ་ལ། ཚན་ཁག་གི་ཀྲུའུ་རེན་ཝང་ཡན་ལུང་གིས་ལག་པ་འཕུར་འཕུར་བཏང་ནས་ཉན་བརྟག་ཡོ་བྱད་ཚ་པོ་བཟོས་རྗེས་ནད་པར་བྲང་ཁར་སྦྱར་ནས་བརྟག་དཔྱད་བྱེད་བཞིན་འདུག
ལེའོ་ཉིང་ཞིང་ཆེན་གྱི་ཁག་བདུན་པའི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་བྱེད་པ་ཝང་ཡན་ལུང་གིས་བོད་དུ་མུ་མཐུད་ལས་ཀ་བསྒྲུབ་རྒྱུའི་གདམ་ག་བྱས་ཤིང་། “ང་རང་ཆུང་དུས་ནས་ཁུང་ཧྥན་སེན་གྱི་གཏམ་རྒྱུད་ཉན་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྐུལ་ལྕག་གཏོང་གི་འདུག ཚན་ཁག་བཙུགས་མ་ཐག་ཡིན་ལ། སྨན་བཅོས་དཔུང་ཁག་གི་འོས་གྲབས་དཔུང་ཁག་འཛུགས་སྐྱོང་དང་ལག་རྩལ་དོན་འཁྱོལ་ལ་ཕན་འབྲས་ཐོན་པའི་དགོས་མཁོར་བསམས་ན། ང་ད་དུང་ལོག་མི་རུང”ཞེས་ཝང་ཡན་ལུང་གིས་བཤད།
བོད་དུ“དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་འགྱུར་ལྡོག་ཆེན་པོ་བྱུང་བ་ནི“སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་ལྡན་པས་རེད།
སྙིང་སྟོབས་དེས་མེས་རྒྱལ་གྱི་ས་གནས་ཁག་གི་འཛུགས་སྐྲུན་པ་ཁག་རེ་རེ་གྲང་ངར་ཆེ་ལ་གསོ་རླུང་དཀོན་པའི་གངས་ལྗོངས་ས་མཐོར་འགག་སྒྲོལ་དཀའ་སེལ་བྱེད་པར་ཡོང་བར་སྐུལ་ལྕག་བཏང་བ་སྟེ། གངས་ལྗོངས་སུ་མཁའ་ལམ་བསྐྲུན་པ་ནས་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་གི་བར་དང་། ཞིང་འབྲོག་ཁུལ་དུ་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པ་ནས་དམངས་འཚོའི་འགན་སྲུང་དྲ་བ་ཚགས་དམ་དུ་གཏོང་བའི་བར་དུ“མི་སྲིད་པ”རེ་རེ་མངོན་འགྱུར་བྱུང་ནས“ཁྱད་དུ་འཕགས་པར”བསྒྱུར་བ་རེད།
སྟོན་འགོའི་གཞིས་རྩེར་ནས་ཀྱི་དྲི་བསུང་གང་སར་འཐུལ།
ཡུལ་ལུང་དེ་གའི་མང་ཚོགས་ཀྱི་ཟས་ལྕོག་སྟེང་དུ་དེ་སྔ་མང་ཆེ་བ་ལ་ཕུག་དང་། ཞོག་ཁོག པད་ཚལ་བཅས་ཡིན་ཞིང་། བོད་རིགས་མི་སེར་རྣམས་ལ་ཤིང་ཏོག་དང་སྔོ་ཚལ་སོས་པ་སྣ་མང་བཟའ་ཐུབ་པར་བྱ་ཆེད། 1995ལོར་ཧྲན་ཏུང་གི་ཁག་དང་པོའི་བོད་སྐྱོར་ལས་བྱེད་པས་སྔོ་ཚལ་གྱི་ས་བོན་ནང་འདྲེན་བྱས་པ་དང་། སྤྱི་ལེ་3000ལྷག་ཙམ་གྱིས་བར་ཆོད་པའི་ཡུལ་ལུང་དེ་གཉིས་འབྲེལ་མཐུད་བྱས་ཏེ་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་657གྱིས་ལོ་30ཡི་རིང་རྒྱུན་ཆད་མེད་པར་འབད་འཐབ་བྱས་པ་རེད།
“ད་ལོའི་ཟླ་6པའི་བར། སྔོན་ཆད་ཚོད་འདེབས་བྱེད་སའི‘ཞིང་ས་ཆུང་ངུ’དེ་རུ་དྲོད་ཁང་1962བསྐྲུན་ཡོད”ཧྲན་ཏུང་གི་བོད་སྐྱོར་ལག་རྩལ་པ་ཀྲང་ཅི་མིང་ཆུང་མ་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་གཞིས་ཆགས་ཏེ་ལོ་25ཙམ་འདས། “འདི་གར་སླེབས་ཟིན་པས་དཀའ་སྤྱད་འབད་འཐབ་ཀྱིས་གྲུབ་འབྲས་གཏོད་དགོས། ཡུལ་ལུང་འདི་གའི་མི་སེར་གྱི་ཡིད་ཆེས་སྟོང་ཟད་དུ་གཏན་ནས་གཏོང་མི་རུང”ཞེས་ཁོང་གིས་བརྗོད།
ཞིང་ཆེན་དང་གྲོང་ཁྱེར་17དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་དེ་བཞིན་མི་དམངས་ཚོགས་པ་76 ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་1 ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་27བཅས་བོད་སྐྱོར་ལས་དོན་ལ་ཞུགས་པ་དང་། ཁག་ཐེངས་11གི་ལས་བྱེད་ཤེས་ལྡན་པ་ཁྲི་1.4ལྷག་ཙམ་གྱིས་བོད་དུ་ལས་ཀ་བསྒྲུབས་པ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་643བཏང་ནས་བོད་སྐྱོར་རྣམ་གྲངས་8204བསྐྲུན་པ་མ་ཟད། ཁ་གཏད་བོད་སྐྱོར་དེ་འབྲེལ་ཐག་ཏུ་བྱས་ནས་ཆ་སྒྲིག་གཉེན་འཚོལ་སོགས་ཀྱི་བྱེད་སྒོ་བརྒྱུད། བོད་ཀྱི་རྫོང(ཆུས)དང་ཤང(གྲོང་རྡལ)332ཀྱིས་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)གྱི་རྫོང(ཆུས)284དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བའང་བཙུགས་པ་རེད།
རྣམ་གྲངས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་ལས་ས་མཐོའི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད། བོད་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ལས་ཁུངས་དང་ཚོགས་པ། ཁེ་ལས་བཅས་དབར་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་པས་མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཡོད།
ལྷ་ས་གྲོང་ཁྱེར་དུ་ཅང་སུའུ་ཡི་བོད་སྐྱོར་ལས་བྱེད་པས་འབྲི་གཡག་གི་རྒྱུད་བཟང་ནང་འདྲེན་བྱས་པས་བཤས་ཡུན་ལོ་3ཐུང་དུ་ཕྱིན་ནས་གསོ་སྤེལ་དུད་ཚང་གི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ཡན་འཕར་བ་དང་། ཆབ་མདོ་གྲོང་ཁྱེར་དུ་ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པས་སྟར་ཁའི་སྣུམ་གྱི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་བས་ཞིང་འབྲོག་པ་མང་ཚོགས་90སྒོ་འགྲམ་དུ་ལས་ཞུགས་ཐུབ་པ། མངའ་རིས་ས་ཁུལ་དུ་ཧྲའན་ཤིས་ཀྱི་དགེ་རྒན་བརྒྱ་ཙམ་ཐག་རིང་ལུང་ཁུག་གི་རྫོང་དུ་སློབ་ཁྲིད་བྱེད་པར་བསྐྱོད་པ་སོགས་རེད།
བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དོར་མི་རུང་ལ་དོར་ཡང་མི་སྲིད། མི་རིང་བའི་གོང་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་2156གིས་སླར་ཡང་རྒྱུག་མཐུད་དབྱུག་པ་བླངས་ནས་བོད་ཀྱི་ཚ་ཚ་འུར་འུར་གྱི་འཛུགས་སྐྲུན་ལ་ཞུགས་ཡོད།
བོད་སྐྱོར་ལས་བྱེད་པ་ཐེངས་རེ་རེ་དང་མི་རབས་རེ་རེས་མ་དངུལ་སྤྲོད་པ་དང་རྣམ་གྲངས་འཛུགས་སྐྲུན་བྱེད་པའི‘གཞན་བརྟེན་རྣམ་པའི’རོགས་སྐྱོར་ནས་ཐོན་ལས་སྐྱེད་སྲིང་དང་། ལག་རྩལ་རྒྱབ་སྐྱོར། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི‘རང་བརྟེན་རྣམ་པའི’རོགས་སྐྱོར་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ཏེ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ས་གནས་དེ་གའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་གྱི་ཡིན”ཞེས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་པ་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཧྲེན་མེན་གྱིས་བཤད།
འབྲེལ་ཡོད་གསར་འགྱུར།