ཚོང་དོན་པུས་ཞབས་ཞུ་ཕྱིར་གཏོང་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་འགའ་ཞིག་འདོན་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཧྲེང་ཆིའུ་ཕིང་གིས། ཉེ་དུས་ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞབས་ཞུ་ཕྱིར་གཏོང་ལ་སྐུལ་འདེད་གཏོང་རྒྱུའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ནོར་ཁྲལ་དང་། དངུལ་རྩ། ལྟ་འདོམས་སྟབས་བདེ་ཅན་སོགས་ཐད་ཀྱི་ཞབས་ཞུ་ཕྱིར་གཏོང་ལ་སྐུལ་འདེད་སྔར་བས་ཆེ་བ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཧྲེང་ཆིའུ་ཕིང་གིས་གོང་གསལ་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་གཉིས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚོང་དོན་པུའུ་དང་འབྲེལ་ཡོད་སྡེ་ཚན་གྱིས《ཞབས་ཞུ་ཕྱིར་གཏོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱ་ཐབས་འགའ་ཞིག》མཉམ་དུ་ཞིབ་འཇུག་གིས་གཏན་འབེབས་བྱས་ཤིང་། འབྲེལ་ཡོད་ཡིག་ཆ་ཉེ་དུས་ཡོངས་བསྒྲགས་སུ་དཔར་འགྲེམས་བྱ་རྒྱུ་རེད།
ནོར་ཁྲལ་སྲིད་ཇུས་ཐད། ཀྲུང་དབྱང་དང་ས་གནས་ཀྱི་ད་ཡོད་མ་དངུལ་གྱི་ཐབས་ལམ་བེད་སྤྱོད་ཡག་པོ་དང་ཆ་ཚང་པོ་བྱས་ཏེ། ཞབས་ཞུ་ཕྱིར་གཏོང་གི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཞབས་ཞུ་ཚོང་དོན་གྱི་གསར་གཏོད་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ཐེབས་རྩའི་འདེགས་སྐྱོར་གྱི་ནུས་པ་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་ཞབས་ཞུ་ཚོང་དོན་དང་གྲངས་འཛིན་ཚོང་དོན་ཁྱབ་ཁོངས་ལ་གཏོང་བར་སྐུལ་ཁྲིད་བྱ་རྒྱུ། ཞབས་ཞུ་ཕྱིར་གཏོང་གི་ཁྲལ་ཚད་མེད་པའི་སྙན་ཞུའི་གོ་རིམ་ལེགས་སུ་བཏང་ནས་ཕྱིར་གཏོང་ཁྲལ་སློག་སྙན་ཞུའི་ལས་ཆོད་ཆེ་རུ་གཏོང་རྒྱུ་བཅས་རེད།
དངུལ་རྩའི་སྲིད་ཇུས་ཐད། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་སྲིད་ཇུས་གནད་ལ་འཁེལ་ཚད་མཐོ་རུ་གཏོང་རྒྱུ་དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་ཕྱོགས་པའི་དངུལ་རྩའི་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་འགན་བཅོལ་ཞབས་ཞུ་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།
ལྟ་འདོམས་སྟབས་བདེ་ཅན་གྱི་ཐད། འབྲེལ་ཡོད་ཁྲལ་སྲུང་ལྟ་འདོམས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མི་སྣ་འགྲོ་འོང་སྟབས་བདེ་ཡོང་བ་དང་རྒྱལ་ཁོངས་སུ་འཛུལ་བའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། ཞབས་ཞུ་ཚོང་དོན་མ་དངུལ་བསྡོམས་རྩིས་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཤེས་བྱའི་བདག་དབང་གཞན་སྒྱུར་ཉོ་ཚོང་ལ་བསྔགས་སྐུལ་བྱ་རྒྱུ། གྲངས་གཞི་རྒྱལ་སྒྲོལ་འཁོར་རྒྱུག་ལ་སྐུལ་འདེད་དང་ཚད་ལྡན་དུ་བཏང་ནས་རྒྱལ་སྤྱིའི་གྲངས་གཞིའི་ཞབས་ཞུའི་ལས་སྒོ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་བཅས་རེད།
རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་ཐད། ཞབས་ཞུའི་ཚོང་དོན་མཚམས་སྦྱོར་རྩ་འཛུགས་ཀྱི་ནུས་པ་དེ་བས་ཡག་པོ་བཏོན་ནས། ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་པར་རོགས་རམ་དེ་བས་མང་བ་བྱེད་རྒྱུ་དང་། ཁེ་ལས་རྒྱལ་སྒྲོལ་གྱིས་ཕྱི་རྒྱལ་དུ་འགྲེམས་སྟོན་དང་འགྲེམས་ཞུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།