《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་སྟེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་17པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་སྟེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས》ཞེས་པ་བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2014ལོའི་ཟླ་7པ་ནས་2025ལོའི་ཟླ་5པའི་རིང་གི་འབྲེལ་ཡོད་ཀྱི་རྣམ་བཤད་གལ་ཆེན་སྙིང་བསྡུས་བྱས་པ་ཞིག་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་ཉེ་རབས་ཚུན་དུ་ཀྲུང་གོའི་མི་དམངས་ཀྱིས་ཕྱི་རོལ་གྱི་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་ཡུན་རིང་ཤོས་དང་། གཞི་ཁྱོན་ཆེ་ཤོས། རང་སྲོག་བློས་གཏོང་མང་ཤོས་བཅས་ཀྱི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཅིག་ཡིན་ལ། རྒྱལ་ཁ་ཡོངས་སུ་བླངས་པའི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་དང་པོ་དེའང་ཡིན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་རྒྱལ་ཁ་རླབས་པོ་ཆེས་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་མི་སེར་སྤེལ་བ་དང་བྲན་བཀོལ་བྱེད་པའི་རེ་ངན་རྦད་དེ་ཐལ་བའི་རྡུལ་དུ་བརླགས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་ནུས་ལྡན་བྱས་ནས། ཉེ་རབས་ཚུན་དུ་ཕྱི་རོལ་གྱི་བཙན་འཛུལ་འགོག་རྒོལ་བྱེད་སྐབས་དམག་བརྒྱབ་པ་ཐམས་ཅད་ཤོར་བའི་མི་རིགས་ཀྱི་མཚན་ཤས་རྦད་དེ་མེད་པ་བཟོས་ཡོད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་རྒྱལ་ཁ་རླབས་པོ་ཆེ་ཡིས་འཛམ་གླིང་ཐོག་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་གནས་བབ་བསྐྱར་དུ་གཏན་འཁེལ་བྱས་པ་དང་། ཀྲུང་གོའི་མི་དམངས་ལ་ཞི་བདེར་དགའ་བའི་འཛམ་གླིང་མི་དམངས་ཀྱི་བརྩི་བཀུར་ཐོབ་པ། ཀྲུང་ཧྭ་མི་རིགས་ལ་མི་རིགས་ཀྱི་མཚན་སྙན་གྲགས་ཆེན་པོ་ཐོབ་ཡོད། རྒྱལ་ཁ་རླབས་པོ་ཆེ་དེ་ནི་ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་དུ་ཉམས་ཉེན་ཚབས་ཆེན་ནང་ཚུད་པ་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་ཡིན་ལ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པ་དང་། དེ་ནི་ཀྲུང་གོ་མི་དམངས་ཀྱི་རྒྱལ་ཁ་ཡིན་ལ། འཛམ་གླིང་མི་དམངས་ཀྱི་རྒྱལ་ཁ་ཡང་ཡིན།
རྩོམ་ཡིག་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྲོག་ཤིང་ཀ་རྟེན་གྱི་ནུས་པ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འགག་རྩ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ཀྱི་རི་འགོག་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་ཡང་དག་པའི་འཐབ་ཇུས་དང་ཐབས་ལམ་བཟོས་པ་དང་དགྲ་བོའི་རྒྱབ་ཕྱོགས་ཀྱི་འཐབ་ས་རྒྱ་ཆེར་བཏོད་པས། རི་འགོག་དམག་འཁྲུག་མཐའ་གཅིག་ཏུ་རྒྱག་པའི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་རི་འགོག་དམག་འཁྲུག་མཐའ་འཁྱོངས་དང་མགོ་འདོགས་ལ་ངོ་རྒོལ་དང་། མཐུན་སྒྲིལ་མཐའ་འཁྱོངས་དང་ཁ་ཕྲལ་ལ་ངོ་རྒོལ། ཡར་ཐོན་མཐའ་འཁྱོངས་དང་ཕྱིར་བཤོལ་ལ་ངོ་རྒོལ་བཅས་བྱས་ཏེ། རྒྱལ་གཅེས་ཏང་ཤོག་དང་ཚོགས་པ་ཁག་དང་རྒྱ་ཆེའི་མི་དམངས་དང་མཉམ་དུ་ཐུན་མོང་ཐོག་རི་འགོག་དམག་འཁྲུག་གི་སྤྱི་ཡོངས་ལ་སྲུང་སྐྱོང་དང་མཐུན་སྒྲིལ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་མིས་རང་ཉིད་ཀྱི་ཆབ་སྲིད་འདོད་ཚུལ་དང་། བློ་རྩ་བརྟན་པོ། མིག་དཔེའི་བྱ་སྤྱོད་བཅས་ལ་བརྟེན་ནས། མི་རིགས་ཡོངས་ལ་རྒྱལ་ཁབ་སྐྱོབ་གནས་ཐུབ་པའི་རེ་བ་སྦྱིན་ཏེ། དམག་འཁྲུག་གི་རྒྱལ་ཁ་ལེན་པའི་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པར་ཁྲིད་སྟོན་བྱས་པས། དམག་འཁྲུག་གི་རྒྱལ་ཁ་ལེན་པའི་མི་རིགས་ཀྱི་གདོང་ལེན་ལ་གྱུར་ཡོད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རིམ་ཁྲོད་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་གྲུབ་ཅིང་། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་ལ་རྒྱལ་ཁབ་དར་རྒུད་ཅི་ཡོང་དེ་སྐྱེ་བོ་ཀུན་ལ་འགན་འཁྲི་ལྡན་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། རང་སྲོག་བློས་གཏོང་དང་ཤི་ཡང་མགོ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ། གཏུམ་སྤྱོད་ལ་མི་སྐྲག་པར་དམར་འཛིང་མཐའ་འཁྱོལ་བ་བྱེད་པའི་དཔའ་བོའི་བློ་སྟོབས། ལན་བརྒྱར་ཕམ་ཡང་ཡི་ཐང་མི་ཆད་པ་དང་རྒྱལ་ཁ་ཐོབ་ངེས་ཀྱི་གཞོམ་ཞིག་མེད་པའི་དད་སེམས་བཅས་མངོན་ཡོད། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་ནི་ཀྲུང་གོ་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་ཧ་ཅང་རྩ་ཆེན་ཞིག་ཡིན་ལ། ནམ་ཡང་ཀྲུང་གོ་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་མཐའ་དག་ཁྱད་བསད་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་པར་སྐུལ་ལྕག་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། དཀའ་ངལ་མཐའ་དག་ཁྱད་བསད་བྱེད་པ་ལས་དཀའ་ངལ་ལ་མགོ་གཏན་ནས་མི་སྒུར་བའི་ཆོད་སེམས་དང་བློ་སྟོབས་ལ་བརྟེན་ནས་འཐབ་རྩོད་བྱེད་ཕོད་པ་དང་། གསར་གཏོད་བྱེད་མཁས་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་མཐའ་མའི་རྒྱལ་ཁ་མ་ཐོབ་བར་སྙིང་རུས་ལྷོད་མེད་ཀྱིས་འབད་འཐབ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།